དྲ་ཐོག་གི་འཇབ་རྒོལ་པས་པེ་ཅིན་གྱི་མིས་བཟོས་རིག་རྩལ་སྤྱི་གཉེར་ཁང་ཞིག་ལ་འཇབ་རྒོལ་བྱས།

ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་མི་མང་ཁྲི་སྟོང་མང་པོ་ལས་ཁུངས་སུ་འགྲོ་མ་ཐུབ་པར་རང་ཁྱིམ་ནས་ལས་ཀ་བསྒྲུབ་དགོས་བྱུང་བ་དེས། དྲ་ཐོག་གི་འཇབ་རྒོལ་པ་ཚོར་མི་སྒེར་དང་། ཚོགས་པ། སྲིད་གཞུང་ལ་སོགས་པར་གཏོར་རྒོལ་བྱེད་པའི་གོ་སྐབས་བཟང་པོ་ཞིག་བསྐྲུན་ཡོད། འཛམ་གླིང་གི་ས་ཆ་འདྲ་མིན་ནང་གི་དྲ་ཐོག་གི་འཇབ་རྒོལ་པ་ཚོས། ཏོག་དབྱིབས་ནད་དུག་གི་བརྗོད་གཞི་དང་འབྲེལ་བའི་ཡིག་ཟམ་གྱི་ཁོངས་སུ། ནད་འབུའི་རིགས་འབྲེལ་ཐག་དང་ཟུར་སྣོན་གྱི་རྣམ་པའི་ཐོག་བཏང་སྟེ། མི་སྒེར་དང་ཚོང་ལས་སྡེ་ཁག་གི་གཞི་གྲངས་གལ་ཆེན་ཁག་རྐུ་འཁྱེར་བྱས་ཡོད་ལ། ཨ་རིའི་ནང་གི་དྲ་རྒྱའི་བདེ་འཇགས་ཀྱི་བཟོ་ཚོང་ཁང་(Barracuda)གིས་བརྗོད་ན། རིམས་ནད་ཤུགས་ཆེར་དར་ཁྱབ་འགྲོ་བཞིན་པའི་དུས་སྐབས་སུ། འཛམ་གླིང་ནང་ཏོག་དབྱིབས་ནད་དུག་གི་བརྗོད་གཞིའི་སྟེང་ནས་འཇབ་རྒོལ་བརྩམས་པའི་གྲངས་འབོར བརྒྱ་ཆ་༦༦༧ % ཡར་འཕར་ཡོད་འདུག

འཇབ་རྒོལ་དེ་དག་གི་ཁྲོད་ཀྱི་གནོད་འཚེ་ཕོག་ཡུལ་ཞིག་ནི། ཧོས་ཡི་ཧོས་ཡིན་(汇医慧影)ཟེར་བའི་པེ་ཅིན་གྱི་མིས་བཟོས་རིག་རྩལ་སྤྱི་གཉེར་ཁང་དེ་ཆགས་ཡོད། ཀོ་རི་ཡ་དང་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་དྲ་ཐོག་གི་འཇབ་རྒོལ་པ་ཁག་ཅིག་གིས།  སྲིད་གཞུང་དང་རྒྱ་ནང་གི་ཚན་རྩལ་བཟོ་ཚོང་ཁང་ཁག་གི་ཐོག་ཏུ་འཇབ་རྒོལ་བྱས་པའི་ཐོག་ནས་ཏོག་དབྱིབས་ནད་དུག་སྐོར་གྱི་ཉམས་ཞིབ་དང་འབྲེལ་བའི་གསང་བའི་ཡིག་ཆ་བརྐུས་ཡོད་འདུག

ཧོས་ཡིན་སྨན་བཅོས་ཚན་རྩལ་ཟེར་བ་དེ་ནི། པེ་ཅིན་ནང་གི་རྒྱལ་ཡོངས་རང་བཞིན་གྱི་མིས་བཟོས་རིག་རྩལ་སྤྱི་གཉེར་ཁང་ཞིག་ཡིན་ལ། སྤྱི་གཉེར་ཁང་དེས་མིས་བཟོས་རིག་རྩལ་བེད་སྤྱད་དེ་ཏོག་དབྱིབས་ནད་དུག་འགོས་ཁྱབ་སྐོར་བརྟག་དཔྱད་བྱེད་ཐུབ་པའི་ཡོ་ཆས་ཤིག་གསར་སྐྲུན་བྱེད་ཀྱི་ཡོད་འདུག ཡིན་ནའང་། ཡོ་ཆས་དེའི་སྐོར་གྱི་འབྲེལ་ཡོད་ཨང་ཚབ་དང་ཉམས་ཞིབ་ཀྱི་གཞི་གྲངས་ཁག་འཇབ་རྒོལ་པས་རྐུ་འཁྱེར་བྱས་ཡོད་འདུག་ལ།  ཀླད་གོར་དུས་ཚོད་(THE0TIME)ཟེར་བའི་འཇབ་རྒོལ་པ་དེས། དྲ་ཐོག་ཏུ་ཧོས་ཡིན་ཚན་རྩལ་བཟོ་ཚོང་ཁང་གི་མ་ལག་ལ་གཏོར་རྒོལ་བྱས་ཡོད་པ་དང་། རྐུ་འཁྱེར་བྱས་པའི་གཞི་གྲངས་ཁག་མུན་ནག་གི་དྲ་བའི་ནང་དུ་པི་ཐེ་དངུལ་ལོར་༤་(ཨ་སྒོར་$30,800)ལ་བཙོང་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་ཡོད།

ཧོས་ཡིན་ཚན་རྩལ་བཟོ་ཚོང་ཁང་གིས། ཏོག་དབྱིབས་ནད་དུག་དང་འབྲེལ་བའི་ཉམས་ཞིབ་ཀྱི་ཆེད་དུ། པེ་ཅིན་ཞེ་ཧག་སྨན་ཁང་གཙོས་རྒྱ་ནང་གི་སྨན་ཁང་༨༠༠་ལྷག་དང་མཉམ་འབྲེལ་བྱས་ཡོད་འདུག་ལ། ཁ་པར་དང་གློག་འཕྲིན་ཚོང་ལས་སྡེ་ཁག་ཧྭ་ཝེ་དང་མཉམ་འབྲེལ་བྱས་ཏེ། མིས་བཟོས་རིག་རྩལ་གྱི་ཐོག་ནས་ཨེ་ཁྭ་ཏོར་རྒྱལ་ཁབ་ནང་གི་ཏོག་དུག་འགོ་ཁྱབ་ངོས་འཛིན་བྱེད་པར་རོགས་པ་བྱས་ཡོད་འདུག

Leave a Reply

Your email address will not be published. Required fields are marked *