མཉམ་འབྲེལ་རྒྱལ་ཚོགས་དང་ཐིན་ཞུན་བཟོ་ཚོང་ཁང་གཉིས་བར་གྱི་མཉམ་འབྲེལ།

གཟའ་འཁོར་འདིའི་ནང་དུ། འཛམ་གླིང་མཉམའབྲེལ་རྒྱལ་ཚོགས་ཀྱིས།   རྒྱལ་ཚོགས་བཙུགས་ནས་ལོ་ངོ་༧༥་འཁོར་བའི་དུས་དྲན་དང་བསྟུན་ནས་སྤེལ་འཆར་ཡོད་པའི་རྒྱལ་སྤྱིའི་རང་བཞིན་གྱི་ལས་འགུལ་ཞིག་གི་ཆེད་དུ། རྒྱལ་ནང་གི་འཕྲུལ་རིག་བཟོ་ཚོང་ཁང་ཆེ་ཤོས་ཐིན་ཞུན་བཟོ་ཚོང་ཁང་དང་མཉམ་འབྲེལ་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་ཡོད་ལ།  ཐིན་ཞུན་བཟོ་ཚོང་ཁང་ནི་ནི་སྲིད་གཞུང་གི་གསང་མྱུལ་ལག་ཆ་སྟོབས་ཤོས་དེ་ཡིན་པས།  རྒྱལ་ཚོགས་ཀྱི་གསལ་བསྒྲགས་དེས་མི་སྒེར་གྱི་བདེ་འཇགས་ཀྱི་ཐད་ལ་དོ་ཁུར་བྱེད་མཁན་གྱི་ཚོགས་པ་དང་མི་སྒེར་མང་པོ་ཞིག་ལ་སེམས་ཁྲལ་འཕར་མ་ཞིག་བཟོས་ཡོད།

རྒྱལ་ཚོགས་ཀྱི་གསལ་བསྒྲགས་དེའི་ནང་། ཐིན་ཞུན་བཟོ་ཚོང་ཁང་གིས། རྒྱལ་ཚོགས་ཀྱི་ངོས་ནས་འཛམ་གླིང་གི་མི་གྲངས་ས་ཡ་མང་པོར་ཁྱབ་ཐུབ་པའི་ལས་འགུལ་ཞིག་སྤེལ་འཆར་ཡོད་པ་དེའི་ཆེད་དུ། དྲ་ལམ་གཟུགས་མཐོང་གླེང་མོལ་དང་གྲོས་མོལ་གྱི་ལག་ཆ་མཁོ་སྤྲོད་བྱེད་རྒྱུ་ཡིན་པ་གསལ་འདུག  ཐིན་ཞུན་བཟོ་ཚོང་ཁང་གི་ཐོན་རྫས་གྲགས་ཆེ་ཤོས་དེ་ནི་སྐད་འཕྲིན་ཡིན་ལ།བཀོལ་ཆས་དེ་ནི་གཞུང་གིས་མང་ཚོགས་ཀྱི་ཐོག་ཏུ་སོ་ལྟ་བྱེད་སྤྱད་ཀྱི་ལག་ཆ་ཡག་ཤོས་དང་ནུས་པ་ཆེ་ཤོས་དེ་ཆགས་ཡོད།

འདི་ནི་རྒྱལ་ཚོགས་ཀྱིས་ཐིན་ཞུན་དང་མཉམ་འབྲེལ་བྱས་པ་ཐེངས་དང་པོ་མིན། འོན་ཀྱང་། ད་ཐེངས་ཀྱི་མཉམ་འབྲེལ་འདི་ནི་འཛམ་གླིང་ཡོངས་ཁྱབ་ཀྱི་མཉམ་འབྲེལ་ཞིག་ཆགས་ཡོད།  ༢༠༡༨་ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡར་རྒྱས་ལས་འཆར་ཚོགས་པས། གྲོང་ཁྱེར་ནང་གི་ཛ་དྲག་གི་དཀའ་ངལ་ཁག་སེལ་ཕྱིར། ཐིན་ཞུན་བཟོ་ཚོང་ཁང་དང་མཉམ་འབྲེལ་བྱས་ཡོད་འདུག

རྒྱལ་ཚོགས་བཙུགས་ནས་ལོ་ངོ་༧༥་འཁོར་བའི་དུས་དྲན་སྐབས།  ཐིན་ཞུན་བཟོ་ཚོང་ཁང་གིས་བཟོས་པའི་VooV Meeting ཟེར་བའི་མཉེན་ཆས་དེ་བཀོལ་སྤྱོད་བྱས་ཏེ།དྲ་ཐོག་གི་བསམ་ཚུལ་བརྗེ་ལེན་དང་གྲོས་བསྡུར་བཀོད་སྒྲིག་བྱེད་རྒྱུ་རེད་འདུག མཉེན་ཆས་དེརྒྱལ་སྤྱིའི་ཐོག་གི་འཛད་སྤྱོད་པའི་ཆེད་དུ་ཟླ་སྔོན་མའི་ནང་དུ་འགྲེམས་སྤེལ་བྱས་འདུག་ལ།  རྒྱལ་ནང་གི་འཛད་སྤྱོད་པའི་ཆེད་དུ།  མཉེན་ཆས་དེ་ལོ་སྔོན་མའི་ཟླ་༡༢་པའི་ནང་དུ་བཟོས་ཚར་ཡོད་ལ། ད་ཆ་ཉིན་ལྟར་བཀོལ་སྤྱོད་བྱེད་མཁན་ས་ཡ་༡༠་ལྷག་ཡོད་འདུག

འདས་པའི་གཟའ་འཁོར་ཁ་ཤས་ཀྱི་ནང་དུ། ཏོག་དབྱིབས་ནད་དུག་གི་རྐྱེན་པས། འཛམ་གླིང་གི་མི་གྲངས་ས་ཡ་མང་པོ་དངོས་སུ་ལས་ཁུངས་སུ་ལས་ཀ་བྱེད་དུ་འགྲོ་མ་ཐུབ་པས། དྲ་ཐོག་གི་མཉམ་འདུས་གླེང་མོལ་གྱི་མཉེན་ཆས་ ZOOM བཀོལ་སྤྱོད་བྱེད་མཁན་གྱི་གྲངས་འབོར་གློ་བུར་དུ་དགུང་ལ་ཟུག་ཡོད་ལ། དུས་མཚུངས་སུ། མཉེན་ཆས་དེའི་བདེ་འཇགས་དང་གསང་སྡོམ་སྐོར་ལ་རྙོག་གླེང་ཡང་མང་པོ་བྱུང་ཡོད།

གང་ཡིན་ཞེ་ན། the Intercept ་གསར་ཁང་གི་ཉམས་ཞིབ་གྲུབ་དོན་ལྟར་ན། སྲིད་གཞུང་དང་ཚོང་ལས་སྡེ་ཁག་མང་པོ་ཞིག་གིས་ZOOM མཉེན་ཆས་སྤྱོད་འགོ་བཙུགས་ཡོད་རུང་། དེའི་ནང་དུ་སྣེ་གཉིས་བར་གྱི་གསང་སྡོམ་གྱི་ཁྱད་ཆོས་མཁོ་སྤྲོད་བྱེད་ཀྱི་མེད་པ་དང་། ZOOM  བཟོ་སྐྲུན་བྱེད་མཁན་ལ། མཉེན་ཆས་དེའི་ནང་དུ་གླེང་མོལ་བྱས་པའི་བརྙན་དང་སྐད་སོགས་རག་ཐུབ་ཀྱི་ཡོད་འདུག   དེར་བརྟེན། ཨ་རིའི་ཁད་ལེ་ཧྥོར་ནེ་ཡ་གྲོང་ཁྱེར་ནང་དུ་ཡོད་པའི་SpaceX མཁའ་བསྐྱོད་གནམ་གྲུ་བཟོ་ཚོང་ཁང་གིས། བཟོ་ཚོང་ཁང་གི་ལས་བྱེད་ཚོས་Zoom མཉེན་ཆས་བཀོལ་སྤྱོད་བྱེད་མི་ཆོག་པ་བཟོས་ཏེ་དངོས་སུ་བཀག་སྡོམ་བྱས་ཡོད། གཟའ་འཁོར་འདིའི་ནང་དུ། ནེག་ཡོག་གྲོང་ཁྱེར་གྱི་ཞིབ་དཔྱོད་དཔོན་གྱིས། ZOOM མཉེན་ཆས་ཀྱིས་མི་སྒེར་གྱི་གནས་ཚུལ་ངོ་དེབ་བཟོ་ཚོང་ཁང་ལ་མཁོ་སྤྲོད་བྱས་ཡོད་པའི་ཁྲིམས་ཐོག་གི་ཉེས་འཛུགས་བྱས་ཏེ། ཞིབ་བཤེར་བྱེད་བཞིན་ཡོད་འདུག

ཐིན་ཞུན་བཟོ་ཚོང་ཁང་གི་VooV Meeting མཉེན་ཆས་ཀྱི་ཞབས་ཞུ་གྲོས་མཐུན་གྱི་ནང་དུ། སྣེ་གཉིས་བར་གྱི་གསང་སྡོམ་གྱི་ཁྱད་ཆོས་མཁོ་སྤྲོད་བྱེད་ཀྱི་ཡོད་མེད་གང་ཡང་འཁོད་མི་འདུག་པས། མཉེན་ཆས་དེའི་ནང་དུ་བཏང་བའི་འཕྲིན་ཐུང་དང་བརྙན་རིགས།  མི་གསུམ་པས་ལྐོག་ནས་ལྟ་ཀློག་བྱེད་ཐུབ་ཀྱི་ཡོད་པ་ཁ་གསལ་ཡིན།  ཐིན་ཞུན་བཟོ་ཚོང་ཁང་གིས། ཁོང་ཚོས་མི་སྒེར་གྱི་གནས་ཚུལ་རིགས། བཟོ་ཚོང་ཁང་གི་གཞི་གྲངས་ཀྱི་མཛོད་ཡོད་སའི་འབྲེལ་ཡོད་རྒྱལ་ཁབ་ཁག་གི་སྲིད་གཞུང་ཁག་ལ་མཁོ་སྤྲོད་བྱེད་རྒྱུ་ཡིན་པ་བརྗོད་འདུག་ལ། མི་སྒེར་གྱི་གནས་ཚུལ་གྱི་ཁོངས་སུ། མཉེན་ཆས་བཀོལ་སྤྱོད་བྱེད་མཁན་གྱི་ཐོ་འགོད་ཀྱི་གནས་ཚུལ་དང་། IP ཁ་བྱང་། གློག་ཆས་ཀྱི་ཚོང་རྟགས(ཁ་པར་དང་རྩིས་འཁོར)་སོགས་ཚུད་ཡོད།

Leave a Reply

Your email address will not be published. Required fields are marked *