ཏོག་དབྱིབས་ནད་དུག་ཁྲོད་ཀྱི་རྒྱ་ནང་གི་འཕྲུལ་རིག་བཟོ་ཚོང་ཁང་།

སྤྱི་ལོ་༢༠༠༢་ལོར་དར་ཁྱབ་ཏུ་ཕྱིན་པའི་སའར་སི (SARS)་ནད་དུག་རྒྱ་ནང་གི་མི་སྟོང་ཕྲག་མང་པོར་འགོས་པ་མ་ཟད།ནད་དུག་དེའི་རྐྱེན་གྱིས་མི་བརྒྱ་ཕྲག་འདས་གྲོངས་སུ་ཕྱིན་ཡོད།  འོན་ཀྱང་། ནད་དུག་གི་དོན་རྐྱེན་དེ་རྒྱ་ནང་གི་དྲ་ཐོག་གི་ཚོང་ལས་སྡེ་ཁག་ལ་རྐྱེན་ངན་གྲོགས་ཤར་ལྟ་བུ་ཆགས་ཡོད། ནད་དུག་མ་འགོས་པའི་ཕྱིར་དུ། མི་མང་པོ་རང་ཁྱིམ་དུ་བསྡད་དགོས་བྱུང་བ་དེས། དྲ་ཐོག་གི་ཉོ་ཚོང་ཧ་ཅང་དར་ཁྱབ་ཆེན་པོ་ཆགས་སུ་བཅུག་ཡོད། ཨ་ལི་བྷ་བྷ་ཚང་གི་ཐའོ་པའོ་ (淘宝)ཟེར་བ་དེའང་སའར་སི་ནད་དུག་ཤུགས་ཆེར་དར་ཁྱབ་འགྲོ་བཞིན་པའི་སྐབས་སུ་སྒོ་འབྱེད་བྱས་པའི་དྲ་ཐོག་གི་ཚོང་རྭ་ཞིག་ཡིན།  ནད་དུག་དེས་མི་མང་པོའི་ཚེ་སྲོག་འཕྲོག་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་གི་དྲ་ལམ་ཚོང་ལས་སྡེ་ཁག་ལ་ཁེ་ཕན་རྒྱ་ཆེར་བསྐྲུན་ཡོད།

སའར་སི་ནད་དུག་ཡལ་ནས་ལོ་ངོ་༢༠་འགོར་ལ་ཉེ་བའི་དུས་འདིར། ཏོག་དབྱིབས་ནད་དུག་ཟེར་བ་ཞིག་རྒྱ་ནང་དུ་དར་ཁྱབ་ཕྱིན་ཏེ། གྲོང་ཁྱེར་མང་པོ་བར་གྱི་འགྲོ་འོང་ཆ་ཚང་བཀག་སྡོམ་བྱས་པར་བརྟེན། འཕྲུལ་རིག་བཟོ་ཚོང་ཆེ་ཁག་གིས། འཛད་སྤྱོད་པའི་དགོས་མཁོ་སྐོང་བར་འབད་བརྩོན་བྱེད་བཞིན་ཡོད་ལ། ཁ་ཤས་ཀྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་པར།འཕྲུལ་རིག་གི་ཡོ་བྱད་མཁོ་སྤྲོད་བྱས་ཏེ། མི་དམངས་དང་སྲིད་གཞུང་ལ་རོགས་པ་བྱེད་ཀྱི་ཡོད།

ཏོག་དབྱིབས་ནད་དུག་དར་ཁྱབ་ཕྱིན་པ་དང་། མང་ཚོགས་རྣམས་སྔར་བཞིན་རང་རང་གི་ལས་གནས་སུ་ལས་ཀ་བྱེད་དུ་འགྲོ་མ་ཐུབ་པའི་དབང་གིས། མི་ཞིག་གིས་ཆ་སྙོམས་ཉིན་གཅིག་གི་ནང་དུ་དུས་ཚོད་༧ ལྷག་གི་རིང་དུ་ཁ་པར་བཀོལ་སྤྱོད་བྱེད་ཀྱི་ཡོད་འདུག 

རྒྱང་རིང་ནས་ལས་ཀ་བྱེད་ཐུབ་པའི་བཀོལ་ཆས།

མི་མང་ས་ཡ་མང་པོ་དངོས་སུ་ལས་ཞུགས་བྱེད་མ་ཐུབ་པར་རང་ཁྱིམ་དུ་བསྡད་དེ་ལས་ཀ་བྱེད་དགོས་བྱུང་བས། ལས་ཁུངས་སུ་འགྲོ་མ་དགོས་པར། རྒྱང་རིང་ནས་བསྡད་དེ་ལས་ཀ་བྱེད་ཐུབ་པའི་བཀོལ་ཆས་ཁག་ཧ་ཅང་དར་ཁྱབ་ཕྱིན་ཡོད་ལ། རྒྱལ་ཡོངས་ཀྱི་སློབ་གྲྭ་སོ་སོའི་སློབ་མ་རྣམས་ཀྱང་ཕྱིར་སློབ་གྲྭར་ལོག་མ་ཐུབ་པས། དྲ་ཐོག་གི་ཤེས་ཡོན་སྡེ་ཁག་ཀྱང་དར་ཁྱབ་ཆེན་པོ་ཕྱིན་ཡོད།

རང་ཁྱིམ་ནས་བསྡད་དེ་ལས་ཀ་བྱེད་ཐུབ་པའི་ཆེད་དུ་བཟོས་པའི་ཨ་ལི་བྷ་བྷ་ཚང་གི་མཉེན་ཆས་ཏིན་ཏིན་(钉钉)ཟེར་བ་དེ་རྒྱལ་ཡོངས་སུ་རྒྱུག་ཆེན་པོ་ཆགས་པ་དང་། དེའི་རྗེས་ཀྱི་ཁྱབ་ཆེ་ཤོས་དེ་ཐིན་ཞུན་བཟོ་ཚོང་ཁང་གི་ཁེ་ལས་སྐད་འཕྲིན་(企业微信)ཟེར་བ་དེ་ཆགས་ཡོད།

ཏིན་ཏིན་ནི།  ༢༠༡༤་ལོར་འདོན་སྤེལ་བྱས་པའི་མཉེན་ཆས་ཤིག་ཡིན་ལ། འདི་ལོའི་ཟླ་གཉིས་པའི་ཟླ་མགོར། རྒྱ་ནང་གི་ཀུ་ཤུ་ཁ་པར་ནང་དུ་ཕབ་ལེན་མང་ཤོས་བྱས་པའི་མཉེན་ཆས་དེ་ཏིན་ཏིན་ཆགས་ཡོད། འདས་པའི་ཟླ་༨་པའི་ནང་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་ནང་གི་ཁེ་ལས་བཟོ་ཚོང་ཁང་ས་ཡ་༡༠་ཙམ་དང་མི་སྒེར་བ་ས་ཡ་༢༠༠་ལྷག་གིས་མཉེན་ཆས་འདིའི་ནང་དུ་ཐོ་འགོད་བྱས་ཡོད་འདུག Sensor Tower ཟེར་བས་ཉམས་ཞིབ་བྱས་པ་ལྟར་ན། ཏོག་དབྱིབས་ནད་དུག་དར་ཁྱབ་འགྲོ་བཞིན་པའི་སྐབས་ཀྱི་རྒྱ་ནང་གི་ཀུ་ཤུ་ཁ་པར་ནང་དུ་ཕབ་ལེན་མང་ཤོས་བྱས་པའི་མཉེན་ཆས་དེ་ཏིན་ཏིན་ཆགས་ཡོད། 

འོན་ཀྱང་། དོགས་སློང་བྱེད་བཞིན་པའི་གནད་དོན་ཞིག་ནི། མཉེན་ཆས་འདིའི་རིགས་ཀྱི་འཕེལ་ཚད་སོར་གནས་ཐུབ་མིན་དེ་རེད། གནས་སྐབས་སུ། ལས་ཞུགས་བྱེད་མ་ཐུབ་པའི་དབང་གིས། མི་མང་པོ་རང་ཁྱིམ་དུ་བསྡད་དེ། མཉེན་ཆས་འདིའི་རིགས་ཀྱི་སྟེང་ནས་ལས་ཀ་བྱེད་དགོས་བྱུང་ཡོད་ཀྱང་། ནད་དུག་གི་གནས་སྟངས་ཞི་འཇམ་དུ་སོང་ཚེ། མཉེན་ཆས་འདིའི་རིགས་བཀོལ་སྤྱོད་བྱེད་མཁན་དེ་མ་ཐག་ཉུང་དུ་འགྲོ་སྲིད།

ཁ་རས།

ཏོག་དབྱིབས་ནད་དུག་དར་ཁྱབ་ཕྱིན་པས། གཞུང་གི་ཁྲིམས་གཞིར་བཟུང་ལྟར། མི་ཚང་མས་ཁ་རས་བརྒྱབ་དགོས་བྱུང་ཡོད་ལ། དེས་མིའི་ངོ་བོ་བདེན་དཔང་བྱེད་སྤྱད་ཀྱི་ངོ་གདོང་ངོས་འཛིན་མ་ལག་གི་བྱེད་ལས་ལ་དོ་ཕོག་བཟོས་ཡོད་ཀྱང་། དཀའ་ངལ་དེ་སེལ་ཆེད། མིག་འབྲས་བཤེར་བའི་འཕྲུལ་རིག་ལག་རྩལ་གསར་བ་ཞིག་བཀོལ་སྤྱོད་བྱེད་འགོ་བཙུགས་ཡོད། མི་ཚོས་བརྗོད་ན། མེ་འཁོར་གྱི་ཞིབ་བཤེར་ས་ཚིགས་སུ། ཁ་རས་ཕུད་མ་དགོས་པར་འགྲོ་ཐུབ་ཀྱི་ཡོད་འདུག་ལ། དེས་མི་སྒེར་གྱི་གསང་རྒྱ་ལ་ཡིད་གཟབ་བྱེད་མཁན་གྱི་མི་མང་པོར་སེམས་ཁྲལ་བཟོས་ཡོད།

གློག་རྡུལ་ལམ་ཡིག

ས་གནས་ཀྱི་སྲིད་གཞུང་སོ་སོས་ཐབས་ལམ་སྣ་ཚོགས་བེད་སྤྱད་དེ། ནད་དུག་དར་ཁྱབ་མ་འགྲོ་བའི་ཐད་དུ་འབད་བརྩོན་བྱེད་བཞིན་ཡོད་ལ། དཔེར་ན། སྲིད་གཞུང་ལ་དབང་བའི་བཟོ་ཚོང་ཁང་གིས་བཟོས་པའི་ཉེ་བའི་འབྲེལ་འདྲིས་ངོས་འཛིན་(密切接触者测量仪)ཟེར་བའི་མཉེན་ཆས་དེས།  མི་སྒེར་གྱི་འགྲུལ་བཞུད་ཀྱི་ཟིན་ཐོ་ཉར་ཚགས་བྱེད་ཀྱི་ཡོད། མཉེན་ཆས་འདིའི་ནང་དུ། རང་ཉིད་ཀྱི་མིང་དང་ཐོབ་ཐང་ལག་འཁྱེར་གྱི་ཨང་གྲངས་གཏགས་ཚེ། འདས་པའི་གཟའ་འཁོར་གཉིས་ཀྱི་ནང་དུ། ཁྱེད་རང་ནད་དུག་འགོས་ཡོད་པའི་མིའི་ཉེ་འགྲམ་དུ་ཕྱིན་ཡོད་མེད་དང་། བསྡད་ཡོད་མེད། ལས་ཀ་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད། སྤྱིར་སྤྱི་ཚོགས་ཡིད་རྟོན་མ་ལག་བརྒྱུད་དེ་གཞུང་གིས་མི་སྒེར་གྱི་་གནས་ཚུལ་བསྡུ་རུབ་བྱེད་ཀྱི་ཡོད་ཀྱང་། ཏོག་དབྱིབས་ནད་དུག་གིས་གཞི་གྲངས་ཕྱོགས་བསྡུས་ཀྱི་བརྒྱུད་རིམ་ཇེ་མགྱོགས་སུ་བཏང་ཡོད། ད་ལྟའི་ནད་དུག་གི་གནས་སྟངས་ཞི་འཇམ་དུ་སོང་བའི་རྗེས་སུ། སྲིད་གཞུང་གིས་ཕྱོགས་བསྡུས་བྱས་ཟིན་པའི་མི་སྒེར་གྱི་གནས་ཚུལ་དེ་དག་ཇི་ལྟར་དོ་དམ་བྱེད་མིན་ནི་གནད་འགག་ཆེ་བའི་དྲི་བ་ཞིག་ཆགས་ཡོད།

ནད་དུག་དར་ཁྱབ་བཀག་འགོག་བྱེད་པར་དམིགས་ཏེ། གློག་རྡུལ་རང་བཞིན་གྱི་ཡོ་བྱད་མང་པོ་འཆར་འགོད་བྱས་ཡོད་ལ། ཁྱབ་ཆེ་བའི་སྐད་འཕྲིན་ལྟ་བུར་མཚོན་ན། གྲོང་ཁྱེར་ཧྲིན་ཀྲིན་ནང་དུ། ཞིབ་བཤེར་ས་ཚིགས་ཀྱི་ལས་མི་དང་འབྲེལ་འདྲིས་མ་ཡོང་བའི་ཕྱིར་དང་།འཕྲུལ་ཆས་བེད་སྤྱད་དེ་མི་སྒེར་གྱི་འགྲུལ་བཞུད་ཀྱི་ལོ་རྒྱུས་ཉར་ཚགས་བྱེད་ཆེད།རླངས་འཁོར་ཁ་ལོ་བས། འཕུར་གྲུ་ཆུང་ཆུང་་གིས་མར་དཔྱངས་པའི་བཤེར་རིས་དེ་སྐད་འཕྲིན་ནང་བཤེར་ཏེ།ཞིབ་བཤེར་ས་ཚིགས་བརྒལ་ཐུབ་པ་བཟོས་ཡོད།

ཟ་མ་དང་རོལ་རྩེད།

རྒྱལ་ཡོངས་སུ་འགྲུལ་བསྐྱོད་བཀག་སྡོམ་བྱས་པ་མ་ཟད། ཟ་ཁང་དང་ཇ་ཁང་སོགས་སུ་འདུ་འཛོམས་བྱེད་པའི་བྱེད་སྒོ་ཡོངས་རྫོགས་ཀྱང་བཀག་པར་བརྟེན། དྲ་བརྙན་ཐད་གཏོང་གི་དྲ་ཚིགས་ཁག་གིས་རོལ་མོ་བར་དྲ་ལམ་དུ་ཐད་གཏོང་བྱེད་པའི་སྡིངས་ཆ་བསྐྲུན་པ་དང་། གློག་བརྙན་ཁང་སོགས་ཀྱང་སྒོ་བརྒྱབ་པར་བརྟེན།

གློག་བརྙན་རིགས་ཀྱང་དྲ་ཐོག་ནས་ཐད་གཏོང་བྱས་ཡོད། དེ་བཞིན་དུ། སྐྱེལ་འདྲེན་བཟོ་ཚོང་ཁངམཛེས་ཚོགས་(美团点评) ལྟ་བུས། མི་དང་མི་འབྲེལ་འདྲིས་བྱེད་མ་དགོས་པའི་ཟ་མ་མངགས་གཏོང་དང་སྐྱེལ་འདྲེན་གྱི་ཐབས་ལམ་བསྐྲུན་ཡོད།

Leave a Reply

Your email address will not be published. Required fields are marked *