དེ་ཡང་ཨ་རིའི་ནིག་ཡོག་དུས་བབ་ཀྱི་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་གི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་སྐད་གྲགས་ཆེ་ཤོས་ངོ་དེབ་ཚང་གིས་དེང་སང་འཛམ་གླིང་ཁྱོན་ཡོངས་སུ་ཚ་ཚ་འུར་འུར་དུ་འགྱུར་བཞིན་པའི་གསང་སྡོམ་དངུལ་སྒོར་(加密货币)གསར་པ་ཞིག་བཟོ་སྐྲུན་བྱེད་ཀྱི་ཡོད་པ་དང་། གསང་སྡོམ་དངུལ་སྒོར་དེ་ངོ་དེབ་ཚང་གི་འཕྲིན་ཐུང་གླེང་མོལ་བཀོལ་ཆས་WhatsApp སྟེང་བཀོལ་སྤྱོད་བྱས་ཏེ། མི་ཕན་ཚུན་བར་དུ་ལས་སླ་པོའི་ཐོག་ནས། དངུལ་སྒོར་གཏོང་ལེན་བྱེད་ཐུབ་པའི་མཐུན་རྐྱེན་སྦྱོར་རྒྱུ་རེད་འདུག
ངོ་དེབ་བཟོ་ཚོང་ཁང་གི་ལས་འཆར་འདི། འཛམ་གླིང་གི་འཕྲིན་ཐུང་བཀོལ་ཆས་སྐད་གྲགས་ཅན་ཏར་འཕྲིན་(Telegram)དང་། བརྡ་རྟགས (Signal)་གཉིས་ཀས་བསྐྲུན་པའི་ཚོང་དོན་གྱི་རྩོད་ལེན་ལ་ཁ་གཏད་གཅོག་པར་དམིགས་ནས་བཟོས་པ་རེད་འདུག་ལ། ན་ནིང་ལོར། ཏར་འཕྲིན་(Telegram)་བཟོ་སྐྲུན་ཁང་གིས་ཨ་སྒོར་དུང་ཕྱུར་༡༧་ལྷག་གིས་སོ་སོའི་གསང་སྡོམ་དངུལ་སྒོར་གྱི་ལས་འཆར་ལ་མ་རྩ་བཙུགས་ཡོད་པས། ངོ་དེབ་ཚང་གིས་ཀྱང་ལྐོག་ནས་རང་ཉིད་ཀྱི་གསང་སྡོམ་དངུལ་སྒོར་བཟོ་སྐྲུན་བྱེད་པའི་ལས་ཀ་འགོ་བཙུགས་ཡོད་འདུག
ངོ་དེབ་ཚང་གི་འཕྲིན་ཐུང་བཀོལ་ཆས་བང་ཆེན་དང་། WhatsApp Instagram སོགས་མཉམ་དུ་བསྡོམས་ན།ད་ལྟ་འཛམ་གླིང་ཁྱོན་ཡོངས་སུ། ངོ་དེབ་ཚང་གི་ཡོ་ཆས་བཀོལ་སྤྱོད་བྱེད་མཁན་མི་གྲངས་དུང་ཕྱུར་༢༧་ལྷག་ཡོད་ལ། གལ་ཏེ།ངོ་དེབ་ཚང་གིས་ཕྱི་རྒྱལ་གྱི་དངུལ་སྒོར་སྣ་ཚོགས་ནང་འཇུག་བྱས་པའི་གློག་རྡུལ་དངུལ་སྒོར་ཞིག་བཟོ་བའི་ཐག་གཅོད་བྱས་ཚེ།དེ་ནི་འཛམ་གླིང་ནང་གི་དངུལ་ཁང་ལྟེ་བ་ཆེ་ཤོས་དེ་ཆགས་ངེས་ལ།ད་ཆ་འཛམ་གླིང་ནང་གི་ཡིད་རྟོན་བྱང་བུའི་སྤྱི་གཉེར་ཁང་(信用卡公司)ཆེ་ཤོས་གཉིས་ཡོད་པ་དེ་ Visa (签证信用卡)དང་ MasterCard (万事达卡)གཉིས་ཡིན་ལ།སྤྱི་གཉེར་ཁང་འདི་གཉིས་ཀྱི་ཞབས་ཞུའི་དབང་གིས། ང་ཚོས་ཤོག་དངུལ་ལག་ཏུ་འཁྱེར་མི་དགོས་པ་ཆགས་ཡོད་ལ།ང་ཚོའི་ཅ་ལག་ཉོ་ཚོང་དང་དངུལ་སྒོར་གཏོང་ལེན་གྱི་བྱེད་ལས་ཚང་མ་སྤྱི་གཉེར་ཁང་འདི་གཉིས་ཀྱིས་སྒྲུབ་རོགས་བྱེད་ཀྱི་ཡོད།
གལ་ཏེ། ངོ་དེབ་ཚང་གིས་རང་ཉིད་ཀྱི་གློག་རྡུལ་དངུལ་སྒོར་འདོན་སྤེལ་བྱས་ཚེ། Visa་ དང་MasterCard སོགས་གང་ཟག་གསུམ་པ་ཞིག་བརྒྱུད་མ་དགོས་པར། ངོ་དེབ་བཀོལ་སྤྱོད་བྱེད་མཁན་ཚོས་ཐད་ཀར་ངོ་དེབ་ཀྱི་ཁ་པར་སྒོར་ཁུག་བརྒྱུད་ནས་དྲ་ཐོག་ཏུ་ཉོ་ཚོང་བྱེད་ཆོག་ལ། འཚིག་ཀ་ཕོར་གང་ཉོས་རྗེས།དངུལ་ཁང་གི་བྱང་བུ་སོགས་བཀོལ་སྤྱོད་བྱེད་མ་དགོས་པར།ཁ་པར་བརྒྱུད་ནས་འཚིག་ཇའི་རིན་པ་སྤྲོད་ཐུབ་ཀྱི་ཡོད། དེ་མ་ཟད།དངུལ་སྒོར་བརྗེ་ལེན་གྱི་རིན་པ་དང་། དངུལ་སྒོར་གྱི་གཏོང་ལེན་གྱི་རིན་པ་གང་ཡང་མ་དགོས་པའི་ཐོག་ནས།དྲ་ཐོག་གི་ཉོ་ཚོང་རིགས་སྟབས་བདེ་དང་མགྱོགས་མྱུར་ངང་བྱེད་ཐུབ། དེ་ལྟར་གྱུར་ཚེ།ད་ལྟའི་འཛམ་གླིང་ནང་གི་ཡིད་རྟོན་བྱང་བུའི་སྤྱི་གཉེར་ཁང་ཁག་གི་སྤྱོད་སྒོ་ཉིན་རེ་ལས་ཉིན་རེར་ཇེ་ཆུང་དུ་འགྲོ་ངེས།
འོན་ཀྱང་། འཕྲིན་ཐུང་བཀོལ་ཆས་དང་དྲ་ཐོག་གི་ཚོང་ལས་གཉིས་ཟླ་སྒྲིལ་གཏོང་བའི་ལས་གཞི་དེ། ཀྲུང་གོའི་སྐད་འཕྲིན་དང་ཨ་ལི་བྷ་བྷ་གཉིས་ཀྱིས་ལོ་མང་གི་སྔོན་ནས་ལག་བསྟར་བྱས་ཡོད།