སུ་ཀྲ་སྒྲེ་ཡ་: དྲ་ཐོག་གི་རྩེད་མོ་རྩེད་སྟངས་གསར་པ་ཞིག

 

སུ་ཀྲ་སྒྲེ་ཡ་ནི། དྲ་ཐོག་གི་རྩེད་མོ་རྩེད་སའི་སྡིངས་ཆ་གསར་པ་ཞིག་ཡིན་ལ། དེས་བརྙན་འཕྲིན་དང་། གློག་ཀླད། ངོས་ལེབ་གློག་ཀླད། ཁ་པར་སོགས་ཡོ་ཆས་འདྲ་མིན་གྱི་འཆར་ངོས་གང་རུང་དུ། རང་ཉིད་ཆེས་དགའ་སའི་རྩེད་མོ་རིགས་ལམ་སེང་མཁོ་འདོན་བྱེད་ཀྱི་ཡོད། སུ་ཀྲ་སྒྲེ་ཡའི་དྲ་ཐོག་ཁོ་ནའི་རྩེད་མོ་དེ། གྷོ་གྷིལ་བཟོ་ཚོང་ཁང་གིས་འགྲན་རྩོད་རང་བཞིན་ལྡན་པའི་ཚོང་ལས་ཀྱི་ཁོར་ཡུག་ཏུ། Sony བཟོ་ཚོང་ཁང་གི་རོལ་རྩེད་འཕྲུལ་ཆས་དང་། Microsoft་བཟོ་ཚོང་ཁང་གི་Xbox དང་། Nintendo དང་ Steam སོགས་ལ་ཁ་གཏད་གཅོག་པར་དམིགས་ནས་འཆར་འགོད་བྱས་པ་ཡིན་འདུག

གང་ཡིན་ཞེ་ན། སུ་ཀྲ་སྒྲེ་ཡའི་རྩེད་མོ་རིགས་ཆ་ཚང་དྲ་ཐོག་གི་སྤྲིན་མཛོད་དུ་ཉར་ཚགས་བྱས་ཡོད་པས། རྩེད་མོ་རྩེད་མཁན་གྱིས་རྩེད་མོ་རིགས་ཕབ་ལེན་དང་ནང་འཇུག་སོགས་གང་ཡང་བྱེད་མི་དགོས་ལ། རྩེད་མོ་གང་རུང་ཞིག་གློག་ཀླད་དང་། ངོས་ལེབ་གློག་ཀླད། ཁ་པར་སོགས་བརྒྱུད་ནས་ཐད་ཀར་ཁི་རོམ་བཤེར་ཆས་ནང་རྩེ་ཆོག་ལ། ཡོ་ཆས་རིགས་མི་འདྲ་བ་ཕན་ཚུན་བར་དུ་བརྗེ་བསྒྱུར་ཡང་བྱེད་ཆོག  

གྷོ་གྷིལ་བཟོ་ཚོང་ཁང་གི་སུ་ཀྲ་སྒྲེ་ཡ་རྩེད་མོ་དེ། བཟོ་ཚོང་ཁང་དེ་ཉིད་ཀྱི་བརྙན་མཛོད་YouTube དྲ་བའི་ནང་དུ་ཟླ་བསྒྲིལ་བྱས་ཡོད། རྩེད་མོ་རྩེད་མཁན་གྱིས་YouTubeབརྙན་མཛོད་ནང་དུ་རྩེད་མོ་གང་རུང་ཞིག་གི་སྐོར་གྱི་ཁྱབ་འགྱེད་གློག་བརྙན་(预告片)དུམ་བུ་ཞིག་ལ་བལྟས་ཚར་བའི་རྗེས་སུ། ད་ལྟ་རྩེད་མོ་རྩེད་ཟེར་བའི་མཐེབ་ཅུ་སྒང་ལ་མནན་ཏེ། རྩེད་མོ་དེ་དངོས་སུ་རྩེད་ཆོག  མི་ཚོགས་རོལ་རྩེད་ཟེར་བའི་ཁྱད་ཆོས་ཤིག་ཡོད་པ་དེས། རྩེད་མོ་རྩེད་མཁན་རྣམས་འདུ་འཛོམས་བྱེད་དུ་བཅུག་སྟེ། ཚང་མས་དུས་མཉམ་དུ་རྩེད་མོ་གང་རུང་ཞིག་རྩེ་རུ་འཇུག་ཐུབ་ཀྱི་ཡོད།

གྷོ་གྷིལ་བཟོ་ཚོང་ཁང་གིས་བརྗོད་པ་ལྟར་ན། སྐུད་མེད་དྲ་བ་རྒྱབ་སྐྱོར་བྱེད་པའི་ཚོད་འཛིན་ཡོ་ཆས་དེ་སྤྲིན་མཛོད་ལ་མཐུད་ཡོད་སྟབས། རྩེད་མོའི་བྱེད་ལས་དང་ནུས་པ་ཡག་ཤོས་དེ་ཡིན་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད། གློག་ཀླད་ཀྱི་ཙི་ཙི་དང་། མཐེབ་གཞོང་སོགས་སུ་ཀྲ་སྒྲེ་ཡ་རྩེད་མོ་དང་མཉམ་དུ་ལས་ཀ་བྱེད་ཐུབ་ཀྱི་ཡོད།

སུ་ཀྲ་སྒྲེ་ཡ་རྩེད་མོ་དེ་ད་ལོའི་ལོ་མཇུག་ཏུ། གདམ་གསེས་བྱས་པའི་རྒྱལ་ཁབ་ཨ་རི་དང་ཁ་ན་ཌ། དབྱིན་ཇི་རྒྱལ་ཁབ་སོགས་ཡུ་རོབ་ཀྱི་ལུང་པ་མང་དག་ཅིག་གི་ནང་དུ་དངོས་སུ་འདོན་སྤེལ་བྱེད་རྒྱུ་རེད་འདུག

Leave a Reply

Your email address will not be published. Required fields are marked *