འཛམ་གླིང་གི་འཕྲུལ་རིག་བཟོ་ལས་ཁང་གྲགས་ཆེ་ཤོས་གྷོ་གྷིལ(谷歌)་བཟོ་ཚོང་གི་ཐོན་རྫས་གྲགས་ཆེ་ཤོས་ནི། གྷོ་གྷིལ་འཚོལ་བཤེར་མ་ལག་ཡིན་ལ། དེའི་ནང་དུ་འཛམ་གླིང་གི་གནས་ཚུལ་ཆེ་མ་ཆུང་གསུམ་ག་འདྲ་ཞིག་བཙལ་རུང་། མི་རག་པ་ཞིག་ཧ་ལམ་མེད། འཚོལ་བཤེར་མ་ལག་ཙམ་མ་ཟད། གྷོ་གྷིལ་བཟོ་ཚོང་ཁང་ལ་འཛམ་གླིང་ན་འགྲན་ཟླ་བྲལ་བའི་ཐོན་རྫས་གཞན་པའང་མང་པོ་ཡོད་དེ། དཔེར་ན། གྷོ་གྷིལ་ས་ཁྲ་དང་།(Google 地图) གྷོ་གྷིལ་ཡིག་ཟམ།(Gmail) གྷིལ་གྷིལ་ཡིག་གདན།(Google Doc) ཡོ་ཁྲོ་ཕི་དྲ་བརྙན། (Youtube) ཨན་ཌོ་མ་ལག(安卓) གྷོ་གྷིལ་ཡིག་སྒྱུར་(Google 翻译)སོགས་མང་པོ་ཡོད་པ་དེ་དག་གི་ཁྲོད་ནས། འདིར་གྷོ་གྷིལ་ཡིག་སྒྱུར་གྱི་སྐོར་ལ་རོབ་ཙམ་བཤད་འདོད།
གྷོ་གྷིལ་བཟོ་ལས་ཁང་གི་གསར་གཏོད་ཀྱི་ལས་གཞི་ཁག་གི་ཁྲོད་ཀྱི་གལ་ཆེ་བའི་ལས་གཞི་ཞིག་ནི། འགྲོ་བ་མིའི་རིགས་ཕན་ཚུན་བར་གྱི་སྐད་ཡིག་གི་བཀག་རྒྱ་གཏོར་ཏེ་སྐད་ཡིག་སྣ་མང་དང་རིག་གཞུང་སྣ་མང་གི་མི་རྣམས་ཀྱི་བར་ལ་འབྲེལ་མཐུད་ཀྱི་གསེར་ཟམ་འཛུགས་རྒྱུ་དེ་ཡིན། ཁོང་ཚོས་འཛམ་གླིང་གི་ཆེས་གསར་ཤོས་ཀྱི་ཚན་རྩལ་བེད་སྤྱད་དེ། འཛམ་གླིང་སྟེང་གི་མི་གང་མང་མང་ཞིག་གིས་ཡིག་སྒྱུར་གྱི་མ་ལག་དེ་བཀོལ་སྤྱོད་བྱེད་ཐུབ་པ་བཟོ་བར་ཤུགས་སྣོན་རྒྱག་གི་ཡོད། དཔེར་ན། ༢༠༢༢ ལོར། ཁོང་ཚོས་འཕྲུལ་ཆས་སློབ་སྦྱོང་(机器学习)གི་མ་དཔེ་བེད་སྤྱད་དེ། མ་ལག་དེའི་ཁོངས་སུ། སྐད་རིགས་གསར་པ 24 ཁ་སྣོན་བྱས་ཡོད་ལ། སྐད་རིགས་1000 གི་ལས་གཞི་ཞེས་པའི་ལས་གཞི་གསར་པ་ཞིག་འགོ་འཛུགས་བྱས་ཏེ། མ་འོངས་པར་འཛམ་གླིང་སྟེང་གི་སྐད་རིགས་ཆེ་ཤོས་ཆིག་སྟོང་ལ་རམ་འདེགས་བྱེད་ཐུབ་མཁན་གྱི་མིས་བཟོས་རིག་ནུས(AI 人工智能)་ཀྱི་མ་དཔེ་ཞིག་བསྐྲུན་རྒྱུའི་དམ་བཅས་ཡོད།
ཁ་སང་གྷོ་གྷིལ་བཟོ་ཚོང་ཁང་གིས། གྷོ་གྷིལ་ཡིག་སྒྱུར་གྱི་ནང་དུ་རང་རེའི་གངས་ཅན་བོད་ཀྱི་སྐད་ཡིག་ཐེ་བའི་སྐད་ཡིག་མི་འདྲ་བ་110་ཁ་སྣོན་བྱས་པ་དེས། གྷོ་གྷིལ་ཡིག་སྒྱུར་གྱི་རྒྱབ་སྐྱོར་ཡོད་པའི་སྐད་ཡིག་གི་ཁྱོན་བསྡོམས་གྲངས་འབོར་243་ལ་སླེབས་བཅུག་ཡོད། གྷོ་གྷིལ་བཟོ་ཚོང་ཁང་གི་ཁྱད་འཕགས་ཀྱི་གྲུབ་འབྲས་འདིའི་རྒྱབ་ཀྱི་གསང་བའི་ལྡེ་མིག་ནི་མིས་བཟོས་རིག་ནུས་ཡིན་པ་ནི་བཤད་མ་དགོས་པ་ཞིག་ཡིན། གསར་དུ་ཁ་སྣོན་བྱས་པའི་སྐད་ཡིག་110་དེའི་ཁོངས་ནས། སྐད་རིགས་འགའ་ཞིག་ནི་འཛམ་གླིང་སྟེང་གི་སྐད་རིགས་ཆེ་གྲས་ཡིན་ཞིང་། དེ་ཤོད་མཁན་གྱི་མི་འབོར་ས་ཡ་གཅིག་ལྷག་ཡོད་ཀྱང་། སྐད་རིགས་གཞན་དག་ནི་སྡེ་ཁུལ་ཆུང་ངུ་ཞིག་གིས་ཤོད་བཞིན་པའི་སྐད་རིགས་ཡིན། སྐད་རིགས་ཉུང་ཤས་ཤིག་ཤོད་མཁན་གྱི་སྐྱེ་བོ་མེད་ཀྱང་། སྐད་རིགས་དེ་དག་སླར་གསོའི་ཐད་ལ་ཤུགས་སྣོན་རྒྱག་གི་ཡོད་པ་དེ་འདྲ་རེད་འདུག
དེ་ཐེངས་ཀྱི་སྐད་ཡིག 110 དེ་དག་གི་ནང་ནས། གྷོ་གྷིལ་ཡིག་སྒྱུར་གྱི་ནང་དུ་ངེས་པར་དུ་འཇུག་དགོས་ཞེས་གྷོ་གྷིལ་བཟོ་ཚོང་ལ་རེ་སྐུལ་མང་ཤོས་བཏོན་ཡོད་པའི་སྐད་ཡིག་དེ་ཀོང་ཏུང་སྐད་(广东话)རེད་འདུག་ལ། སྐད་ཡིག་དེ་དག་གི་ཁྲོད་ཀྱི་བཞི་ཆའི་གཅིག་ནི་(1/4)ཨ་ཧྥེ་རི་ཁ་གླིང་ཆེན་གྱི་སྐད་ཡིག་རྐྱང་རེད་འདུག
གྷོ་གྷིལ་བཟོ་ལས་ཁང་གི་ཡིག་སྒྱུར་གྱི་མ་ལག (Google Translate) གི་ཁྱབ་ཁོངས་སུ་སྐད་ཡིག་གསར་པ་110 ་ཁ་སྣོན་བྱས་པ་དེའི་ཁོངས་སུ་བོད་ཡིག་བཅུག་ཡོད་པའི་གཏམ་བཟང་འདི། བོད་ཀྱི་སྐད་ཡིག་ལ་དུངས་བ་ཡོད་པའི་སྐྱེ་བོ་ཡོད་དོ་ཅོག་གིས་གོ་ན་རྣ་བའི་བུ་རམ་དུ་འགྱུར་བར་གདོན་མི་ཟ་བས། གཏམ་འདི་ཡར་མར་ལ་བརྒྱུད་སྐུར་གང་མང་གནང་རོགས།
ངོ་མ་དགའ་འོས་པ་ཞིག་རེད