དབྱིན་སྐད་དུ། World Wide Web དང་རྒྱ་སྐད་དུ། 全球资讯网/万维网ཞེས་འབོད་པའི་འཛམ་གླིང་ཡོངས་ཁྱབ་དྲ་བ་ཟེར་བ་དེ་ནི་དུས་ཀྱི་རིམ་པ་མང་པོ་ཞིག་གི་ཁྲོད་དུ་མདུན་མཆོང་གི་གོམ་པ་གསར་པ་རེ་སྤོས་ཏེ་ཡར་རྒྱས་ཕྱིན་ཡོད་ལ། ཡར་རྒྱས་ཀྱི་གོ་རིམ་དེ་དག་གི་ཁྲོད་དུ། མི་ཚོས་དྲ་ཐོག་གི་ཆ་འཕྲིན་དང་ཞབས་ཞུ་ཁག་ལ་འབྲེལ་འདྲིས་བྱེད་ཕྱོགས་ཀྱང་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
དེ་ཡང་རྩིས་འཕྲུལ་གྱི་དྲ་བའི་འགྲུལ་བཞུད་ཀྱི་ཐོན་རིམ་དང་པོ་(Web 1.0)དེ་ཆིག་སྟོང་དགུ་བརྒྱ་ཡས་མས་སུ་ཡོངས་ཁྱབ་ཀྱི་ཐོག་ནས་ཁྱབ་སྤེལ་བྱུང་ཡོད་ལ། དྲ་བའི་ཐོན་རིམ་གཉིས་པ(Web 2.0)དེ་སྤྱི་ལོ་༢༠༠༠ ཡས་མས་ལ་ཐོན་ཡོད། དེ་ནས་དྲ་བའི་ཐོན་རིམ་གསུམ་པ(Web 3.0)་ཟེར་བའི་ཐ་སྙད་དེ་སྤྱི་ལོ་༢༠༡༤་ལོར་གསང་སྡོམ་དངུལ་ལོར(加密货币)་ཨེ་ཐར་གསར་གཏོད་གནང་མཁན་གྱི་གྲས་སུ་ཡོད་པའི་སྐུ་ཞབས་གྷ་བིན་བོ་ཌི་(Gavin Wood)ལགས་ཀྱིས་བཀོལ་སྤྱོད་བྱས་ཡོད་ལ། ༢༠༢༡་ལོ་ནས་བཟུང་། གསང་སྡོམ་དངུལ་ལོར་ལ་དགའ་མོས་བྱེད་མཁན་གྱི་མི་མང་པོ་ཞིག་གིས་དྲ་བའི་ཐོན་རིམ་གསུམ་པ(Web 3.0)ལ་ལྷག་ཏུ་དོ་སྣང་བྱེད་འགོ་བཙུགས་ཡོད།
གཤམ་དུ་བདག་གིས་དྲ་བའི་ཐོན་རིམ་མི་འདྲ་བ་གསུམ་དེའི་གོ་དོན་རེ་རེ་བཞིན་བཀྲལ་ཏེ་དྲ་གྲོགས་ཚོའི་འཕྲུལ་རིག་གི་གོ་རྟོགས་ཡར་རྒྱས་གཏོང་བར་རྩོལ་བ་བྱེད་རྒྱུ་ཡིན།
དྲ་བའི་ཐོན་རིམ་དང་པོ་(Web 1.0)
དྲ་བའི་ཐོན་རིམ་དང་པོ་(Web 1.0) ལ་ལྟ་ཀློག་ཁོ་ནའི་དྲ་བ་ཞེས་འབོད་སྲོལ་ཡོད། གང་ཡིན་ཟེར་ན། མི་ཁ་ཤས་ཤིག་གིས་ཀློག་པ་པོ་ཁྲི་སྟོང་མང་པོར་དམིགས་ཏེ་དྲ་ངོས་ཤིག་བཟོས་རྗེས། དྲ་ངོས་དེ་ནས་ཀློག་པ་པོ་ཚོར་དོན་དངོས་ཀྱི་གནས་ཚུལ་དང་རྒྱུ་ཆ་སྣ་ཚོགས་རག་ཐབས་བྱེད་དུ་འཇུག་གི་ཡོད། དྲ་བའི་ཐོན་རིམ་དང་པོའི་(Web 1.0)དམིགས་ཡུལ་ནི། མི་ཚོར་གང་དགོས་པའི་གནས་ཚུལ་རིགས་མཁོ་སྤྲོད་བྱེད་རྒྱུ་དེ་ཡིན།
ཁྱད་ཆོས།
1.HTML ་དྲ་ངོས་ཤིག་ཡོད་པ་དེར་འགྱུར་བ་འགྲོ་རྒྱུ་མེད་ལ། མི་ཚོས་དྲ་ངོས་དེར་ལྟ་ཙམ་བྱེད་རྒྱུ་མ་གཏོགས་མེད།
2. འཛད་སྤྱོད་པར་འབྲེལ་འདྲིས་དེ་ཙམ་མེད། དྲ་བའི་ཁ་ཕྱོགས་སྣ་གཅིག་ཡིན། འཛད་སྤྱོད་པས་ཆ་འཕྲིན་ལོངས་སྤྱོད་བྱེད་པ་ཙམ་མ་གཏོགས། དྲ་ངོས་དེར་ཕར་ཡ་ལན་སོགས་གང་ཡང་སྤྲོད་རྒྱུ་མེད།
3. དྲ་ངོས་ལ་དེང་སང་ང་ཚོས་མཐོང་བཞིན་པའི་ཚད་མཐོ་བའི་རི་མོ་དང་བརྙན་རིས་སོགས་གང་ཡང་མེད།
དཔེ་བརྗོད།
ལོ་ངོ་ཉི་ཤུ་སྔོན་གྱི་དྲ་ཚིགས་ཁག
དྲ་བའི་ཐོན་རིམ་གཉིས་པ(Web 2.0)
དྲ་བའི་ཐོན་རིམ་དང་པོ་(Web 1.0)་དང་མི་འདྲ་བར། དྲ་བའི་ཐོན་རིམ་གཉིས་པའི(Web 2.0)ཁྲོད་དུ། འཛད་སྤྱོད་པས་དྲ་ལམ་གྱི་ནང་དོན་ཁག་བསྐྲུན་ཐུབ་ཀྱི་ཡོད། དྲ་ཐོག་གི་འབྲེལ་འདྲིས་ཀྱི་སྡིངས་ཆ་གང་རུང་གི་སྟེང་དུ། འཛད་སྤྱོད་པས་ནང་དོན་གང་རུང་ཞིག་གསར་སྐྲུན་དང་། བརྒྱུད་སྐུར། མཉམ་སྒྲུབ་བྱེད་ཐུབ་ཀྱི་ཡོད། ངོ་དེབ་དང་། མགྱོགས་འཕྲིན། འཁྱུག་དབྱངས་སོགས་སྤྱི་ཚོགས་འབྲེལ་མཐུད་དྲ་བ་ཁག་གི་སྟེང་དུ། འཛད་སྤྱོད་པར་སྐབས་ཐོག་ཏུ་ནང་དོན་གང་རུང་ལ་ཐད་ཀར་འབྲེལ་བ་བྱེད་པ་དང་། དེ་མི་གཞན་ལ་བརྒྱུད་སྐུར་བྱེད་པ། མཆན་འགོད་པ་ལ་སོགས་པའི་ཆོག་མཆན་སྤྲོད་ཀྱི་ཡོད།

དཔེ་མཚོན།
སྤྱི་ཚོགས་འབྲེལ་མཐུད་དྲ་བའི་རིགས་སྟེ། ངོ་དེབ་དང་། མགྱོགས་འཕྲིན། འཁྱུག་དབྱངས་ལྟ་བུ།
ནང་དོན་བཟོ་སྐྲུན་དང་བརྒྱུད་སྐུར་བྱེད་ཆོག་སའི་སྡིངས་ཆ་སྟེ། ཡོ་ཌུབ་དྲ་བརྙན།(youtube) དང་། ཡུགཁོ(优酷)་ལྟ་བུ།
མཉམ་ལས་ཀྱི་སྡིངས་ཆ་སྟེ། ཝེ་ཁེ་རིག་མཛོད། (Wikipedia) དང་གྷོ་གྷིལ་སྐུལ་ཆས(Google Docs) ལྟ་བུ།
ཁྱད་ཆོས།
དྲ་བའི་ཐོན་རིམ་དང་པོ་དང་དྲ་བའི་ཐོན་རིམ་གཉིས་པའི་བར་གྱི་ཁྱད་པར་གཙོ་བོ་ཞིག་ནི། དྲ་བའི་ཐོན་རིམ་དང་པོའི་ཁྲོད་དུ། དྲ་ཐོག་གི་ནང་དོན་རིགས་མི་ཧ་ཅང་ཉུང་ཤས་ཤིག་གིས་མཁོ་སྐྲུན་བྱེད་ཀྱི་ཡོད་པ་དེ། མི་ཚང་མས་ལོངས་སྤྱོད་བྱེད་པ་ཙམ་མ་གཏོགས། འཛད་སྤྱོད་པར་དེ་ལས་གཞན་པའི་ལས་ཀ་གང་ཡང་མེད། འོན་ཀྱང་། དྲ་བའི་ཐོན་རིམ་གཉིས་པའི་ཁྲོད་དུ། དྲ་ཐོག་ཏུ་མི་ཧ་ཅང་མང་པོ་མཉམ་ཞུགས་བྱས་ཏེ། ནང་དོན་སྣ་ཚོགས་བསྐྲུན་གྱི་ཡོད་ལ། མི་ཚང་མ་དྲ་བའི་ཐོན་རིམ་དང་པོའི་དུས་སྐབས་ལྟར་བག་ལ་ཉལ་ནས་བསྡད་མེད་པར། འཁྲུག་ཆ་དོད་པོའི་ཐོག་ནས་ནང་དོན་གསར་སྐྲུན་བྱེད་ཀྱི་ཡོད་པ་མ་ཟད། གཞན་གྱིས་བསྐྲུན་པའི་ནང་དོན་གང་རུང་ལ་ཡ་ལན་སྤྲོད་ཀྱི་ཡོད་པ། དཔེར་ན། ཐད་གཏོང་བྱེད་པ་དང་། བརྙན་ཡར་འཇུག་བྱེད་པ། ཟིན་བྲིས་སྤེལ་བ། མཆན་འགོད་པ། དྲ་ཐོག་ནས་འོས་བླུགས་པ་སོགས་བྱེད་ཀྱི་ཡོད།
དེ་བས། མི་ཕན་ཚུན་བར་གྱི་དྲ་ལམ་གྱི་འབྲེལ་འདྲིས་སྔར་ལས་ཤུགས་ཆེ་རུ་ཕྱིན་ཡོད་པ་ཚང་མས་མཁྱེན་གསལ་ཡིན། གང་ཡིན་ཞེ་ན། ད་ལྟ་ང་ཚོ་ཚང་མས་དྲ་བའི་ཐོན་རིམ་གཉིས་པ་བཀོལ་གྱི་ཡོད་པས་སོ།།
གང་ལྟར། ཁྱད་ཆོས་སྣ་འཛོམས་ཅན་གྱི་ཁ་པར་རིགས་ཏེ། ཀུ་ཤུ་ཁ་པར་དང་ཨན་ཌོ་ཁ་པར་སོགས་ཐོན་པ་མ་ཟད། ཁ་པར་དེ་དག་གི་ནང་ནས་ཐད་ཀར་དྲ་སྦྲེལ་བྱེད་ཐུབ་པ་དང་། ལྷག་པར་དུ། སྤྱི་ཚོགས་འབྲེལ་མཐུད་དྲ་བའི་བཀོལ་ཆས(APP)་ངོ་དེབ། མགྱོགས་འཕྲིན་སོགས་སླེབས་པ་ལ་བརྟེན་ནས། དྲ་བའི་ཐོན་རིམ་གཉིས་པའི་རྦ་རླབས་དགུང་དུ་འཕྱུར་ཡོད།
དྲ་བའི་ཐོན་རིམ་གསུམ་པ(Web 3.0)
དྲ་བའི་ཐོན་རིམ་རྗེས་མའམ།་གསུམ་པ་དེ་ད་ཆ་མི་ཚོས་གླེང་སློང་བྱེད་བཞིན་པའི་བརྗོད་གཞི་ལྟེ་བ་ཞིག་ཆགས་ཡོད། དྲ་བའི་ཐོན་རིམ་གཉིས་པའི་ཁྲོད་དུ། དྲ་བ་དེ་སྲིད་གཞུང་དང་ཚོང་ལས་སྡེ་ཁག་གིས་སྟངས་འཛིན་བྱས་ཡོད་ལ། མི་སྒེར་གྱི་ངོ་བོ་ཧ་ལམ་སྦ་གསང་བྱེད་ཐབས་བྲལ།
དྲ་ཐོག་ནས་གནས་ཚུལ་སྤེལ་བ་དང་། དངུལ་གཏོང་ལེན་བྱེད་པ་སོགས་གང་ཡིན་ཀྱང་། དེ་ལ་དྲ་བ་སྟངས་འཛིན་བྱེད་མཁན་གྱི་ངོས་ལེན་དང་ཆོག་མཆན་དགོས་ཀྱི་ཡོད། འོན་ཀྱང་། དྲ་བའི་ཐོན་རིམ་གསུམ་པ(Web 3.0)ཁྲོད་དུ། མི་ཚོས་རང་གི་ངོ་བོ་སྦ་གསང་བྱེད་ཐུབ་པའི་དབང་ཚད་ཆ་བགོས་ཀྱི་སྡིངས་ཆ་(去中心化交易平台)བེད་སྤྱད་དེ་ཕན་ཚུན་བར་དུ་བསམ་ཚུལ་བརྗེ་ལེན་དང་དངུལ་གཏོང་ལེན་སོགས་བྱེད་ཀྱི་ཡོད་ལ། བྱེད་ལས་དེ་དག་དབུས་ཀྱི་དབང་འཛིན་ལས་ཁུངས་གང་རུང་གི་ཆོག་མཆན་ཞུ་མི་དགོས་པར་ཐད་ཀར་རྩོམ་ཐུབ་ཀྱི་ཡོད།

ཁྱད་ཆོས།
མིས་བཟོས་རིག་ནུས་དང་འཕྲུལ་ཆས་སློབ་སྦྱོང་གཉིས་ཀ་གོ་ལའི་ཀླད་པ་ལྟ་བུ་ཆགས་ཡོད་ལ། མིའི་རིགས་ཀྱི་སྐད་ཡིག་ཁག་རྩིས་འཕྲུལ་གྱིས་ཤེས་རྟོགས་ཐུབ་ཀྱི་ཡོད།
མིས་བཟོས་རིག་ནུས་ལ་བརྟེན་ནས། དྲ་ཐོག་གི་འཚོལ་བཤེར་གྱི་ནུས་པ་སྔར་ལས་ཆེ་རུ་ཕྱིན་ཡོད་པས། འཛད་སྤྱོད་པའི་དགོས་མཁོ་སྒྲུབ་པའི་ནུས་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད།
འཛད་སྤྱོད་པས་ཡོངས་ཁྱབ་དང་གསང་བའི་ལམ་ཁ་གང་རུང་དུ། བར་གནས་ཀྱི་མིའམ། ཚོང་ལས་སྡེ་ཁག སྲིད་གཞུང་སོགས་གང་ཡང་མེད་པའི་ཐོག་ནས་མི་གཞན་པར་འབྲེལ་འདྲིས་བྱེད་ཆོག་པའི་རང་དབང་ཡོད། དཔེར་ན། མི་གཞན་ཞིག་ལ་དྲ་ལམ་ནས་དངུལ་གཏོང་དགོས་ཚེ། བར་མི་ལྟ་བུའི་དངུལ་ཁང་(UnionPay)དང་ཨ་ལི་དངུལ་གཏོང་ཞབས་ཞུ་(支付宝)སོགས་བརྒྱུད་མ་དགོས་པར། ཐད་ཀར་གཏོང་ཐུབ་ཀྱི་ཡོད་པ། དཔེར་ན། སྡོམ་ཐག་དྲ་བ(区块链)་བརྒྱུད་ནས་མི་ཕན་ཚུན་བར་གསང་སྡོམ་དངུལ་ལོར(加密货币)་ཐད་ཀར་གཏོང་ཐུབ་པ་ལྟ་བུའོ།
དཔེ་མཚོན།
མིས་བཟོས་རིག་ནུས་ལ་བརྟེན་པའི་དྲ་ལམ་གྱི་སྡིངས་ཆ་སྟེ། ChatGPT དང་། སྨོན་ལམ་རིག་ནུས། ཁེ་པ་མིས་བཟོས་རིག་ནུས་ལྟ་བུ།
ཆ་བགོས་ཀྱི་བཀོལ་ཆས(D-APP) དང་། སྡོམ་ཐག་དྲ་བའི་སྡིངས་ཆ་ཨེ་ཐར(Ethereum)་དང་རེ་པིལ(Ripple)་ལྟ་བུ།

དྲ་བའི་ཐོན་རིམ་གསུམ་པ་ལ་རྒྱབ་སྐྱོར་དང་དེའི་ནུས་པ་སྔར་ལས་ཡངས་བར་ཤོག