ཀུ་ཤུ་ཁ་པར་གྱི་ཉེར་སྤྱོད་མ་ལག་ཐོན་༡༧་པ།

དེ་ཡང་དྲ་ལམ་གྱི་གནས་ཚུལ་ཡོངས་ཁུངས་ལ་གཞིགས་ན། ཀུ་ཤུ་ཁ་པར་གྱི་ཉེར་སྤྱོད་མ་ལག་ཐོན་༡༧་པ་དེ་ཟླ་དགུ་པའི་ནང་དུ་འདོན་སྤེལ་བྱེད་རྒྱུ་རེད་འདུག་ལ། མ་ལག་ཐོན་གསར་ཤོས་དེའི་ནང་དུ། སྔར་ལས་ལྷག་པའི་ཁྱད་ཆོས་ཕུན་སུམ་ཚོགས་པ་མང་པོ་ཞིག་ཁ་སྣོན་བྱས་ཡོད་པ་དེ་དག་གི་ཁྲོད་ནས་གལ་ཆེ་ཤོས་ཁག་ཅིག་དྲ་གྲོགས་ཚོར་ངོ་སྤྲོད་ཅིག་བྱེད།

༡ ༽ ཁ་པར་གཏོང་སྐབས། གཏང་སའི་མི་དེའི་ཁ་པར་གྱི་འཆར་ངོས་སུ་ག་རེ་མངོན་དུ་འཇུག་མིན་ལ་དོ་དམ།

ཁྱེད་ཀྱིས་མི་ཞིག་ལ་ཁ་པར་གཏོང་སྐབས། གཏང་སའི་མི་དེའི་ཁ་པར་གྱི་འཆར་ངོས་སུ་ག་རེ་མངོན་དུ་འཇུག་མིན། རང་གི་འདོད་མོས་ལྟར་སྒྲིག་བཟོ་བྱེད་ཆོག
ཁྱེད་ཀྱིས་སོ་སོའི་ཁ་པར་གྱི་ནང་ནས་པར་ཞིག་གམ། སོ་སོའི་མགོ་པར་གྱི་འགུལ་རིས་སོགས་གང་རུང་འདེམས་ཚེ། མི་ཞིག་ལ་ཁ་པར་གཏོང་སྐབས། མི་དེའི་ཁ་པར་གྱི་འཆར་ངོས་སུ། ཁྱེད་ཀྱིས་འདེམས་པའི་མགོ་པར་དེ་འཆར་ངེས།


༢ ༽ སྐད་སྒྲ་ཡིག་ཐོག་ཏུ་འབེབས་པ།

ཁྱེད་ཀྱིས་ཀུ་ཤུ་ཁ་པར་གྱི་འཕྲིན་ཐུང་གི་ནང་དུ་སྐད་ཅིག་བཞག་ནས་མི་གཞན་ལ་གཏོང་སྐབས། མི་དེའི་ཁ་པར་གྱི་འཆར་ངོས་སུ་སྐད་སྒྲའི་དག་ཆ་ཇི་མ་ཇི་བཞིན་དུ་ཡིག་འབེབས་བྱས་ཡོད་པ་མཐོང་ཐུབ་པས། བྲེལ་འཚུབ་ཆེ་བའི་དུས་སྐབས་སུ། སྐད་ཡོངས་རྫོགས་ལ་ཉན་མ་དགོས་པར། ཡིག་ཐོག་ཏུ་འཆར་ཡོད་པའི་འཕྲིན་ཐུང་དེར་བལྟས་ན་འགྲིག འོན་ཀྱང་། ཁྱད་ཆོས་འདིས་རྒྱ་སྐད་དང་དབྱིན་སྐད་ལྟ་བུ་མ་གཏོགས། བོད་སྐད་ཐོག་ལ་འབེབས་ཐུབ་རྒྱུ་ཁག་པོ་ཡིན།

༣ ༽ ཉེ་འགྲམ་དུ་ཡིག་ཆ་བརྒྱུད་གཏོང་།

ཀུ་ཤུ་ཁ་པར་གྱི་མ་ལག་ཐོན་སྔོན་མ་ཁག་གི་ནང་དུ། ཁྱེད་ཀྱིས་ཉེ་འགྲམ་གྱི་མི་ཞིག་ལ་པར་དང་བརྙན་སོགས་དྲ་རྒྱ་བཀོལ་སྤྱོད་མ་བྱས་པའི་ཐོག་ནས་མགྱོགས་པོ་གཏོང་ཐུབ་པ་མ་གཏོགས། དེ་མིན་གྱི་ཁྱད་ཆོས་གཞན་མེད། འོན་ཀྱང་། མ་ལག་ཐོན་གསར་པའི་ནང་དུ། བརྙན་དང་པར་རིས་སོགས་བཏང་མ་ཚར་གོང་། ཁྱེད་རང་ཉེ་འགྲམ་གྱི་ཁ་པར་དང་ཁ་བྲལ་རུང་། བརྒྱུད་གཏོང་གི་གོ་རིམ་མུ་མཐུད་ནས་མཇུག་སྐྱོང་ངེས། ད་དུང་། དེ་མ་ཟད། མི་ཕན་ཚུན་དབར་དུ་འབྲེལ་གཏུགས་ཨང་གྲངས་བརྗེ་ལེན་བྱེད་དགོས་ཚེ། ཀུ་ཤུ་ཁ་པར་གཉིས་མཉམ་དུ་བཞག་ཚེ། ཕན་ཚུན་གྱི་ཁ་པར་དང་། ཁ་པར་ནང་གི་ཡིག་ཟམ་ཨང་གྲངས་སོགས་ཕན་ཚུན་ལ་བརྒྱུད་སྐུར་བྱེད་ཐུབ་ལ། དུས་གཅིག་ཏུ་གཞས་དང་ལྟད་མོ་སོགས་ལའང་མཉམ་དུ་ལྟ་ཐུབ།

༤ ༽ འཕྲིན་ཐུང་གི་ནང་དུ་སྡོད་གནས་མཉམ་སྤྱོད།

འཕྲིན་ཐུང་གི་ནང་དུ། ཁྱེད་རང་གང་དུ་ཡོད་མེད་ཀྱི་སྡོད་གནས་མི་གཞན་ལ་མཉམ་སྤྱོད་བྱེད་ཆོག་ལ། ཁྱེད་རང་འགྲུལ་བཞུད་བྱེད་སྐབས། ས་གནས་གང་རུང་ལ་འབྱོར་བ་ཡིན་ན། ཁྱེད་ཀྱི་གྲོགས་པོ་དང་ནང་མི་སོགས་ལ་དུས་ཐོག་ཏུ་བརྡ་ལན་སྤྲོད་ངེས། གལ་ཏེ། ཁྱེད་རང་ས་ཆ་ག་གེ་མོ་ཞིག་ལ་དུས་ཐོག་ཏུ་མ་འབྱོར་ཚེ། ཁོང་ཚོས་ཁྱེད་ཀྱི་ཁ་པར་གྱི་བརྡ་རྟགས་བཟང་མིན་དང་། གློག་རྫས་ཀྱི་འདང་ཚད། སྐབས་བབ་ཀྱི་སྡོད་གནས་སོགས་མཐོང་ཐུབ་ཀྱི་ཡོད།


༥ ༽ འཕྲོད་བསྟེན་གྱི་བཀོལ་ཆས།

ཀུ་ཤུ་ཁ་པར་ནང་གི་འཕྲོད་བསྟེན་གྱི་བཀོལ་ཆས་དེ་བརྒྱུད་ནས་ཁྱེད་རང་གི་སེམས་ཁམས་ཀྱི་འཕྲོད་བསྟེན་ལ་དབྱེ་ཞིབ་བྱེད་ཐུབ་ལ། ཁྱེད་རང་ལ་འཕྲོད་བསྟེན་གྱི་ཉེན་ཁ་ཡོད་མེད་ཐག་གཅོད་བྱེད་ཐུབ། དེ་མ་ཟད། ཁྱེད་ཀྱིས་ཁ་པར་ལ་ལྟ་སྐབས། བར་ཐག་ཉེ་དྲགས་ཡོད་ཚེ་ཉེན་བརྡ་གཏོང་ངེས། ཁྱད་ཆོས་འདི་བྱིས་པ་ཚོར་དམིགས་ནས་བཟོས་ཡོད་ཀྱང་། མི་རྒན་པ་ཚོས་ཀྱང་བཀོལ་སྤྱོད་བྱེད་ཆོག

༦ ༽ མཐེབ་གཞོང་།

ཁྱེད་ཀྱིས་ཡི་གེ་གཏགས་སྐབས། ཡིག་ནོར་ཡོད་ཚེ། དེ་དག་རང་འགུལ་གྱི་ཐོག་ནས་དག་བཅོས་བྱེད་ངེས་ལ། དག་བཅོས་བྱས་པའི་ཡི་གེ་དེ་དག་གི་འོག་ཏུ་འཕྲེད་ཐིག་འཐེན་ཏེ། འཕྲུལ་ཆས་ཀྱིས་ཐ་སྙད་གང་དག་དག་བཅོས་བྱས་ཡོད་མེད་སྟོན་ངེས། གལ་ཏེ། འཕྲུལ་ཆས་ཀྱིས་དག་བཅོས་བྱས་པའི་ཐ་སྙད་གང་རུང་ལ་ཁྱེད་རང་འདོད་པ་མེད་ཚེ། ཁྱེད་ཀྱིས་དེ་སྔོན་གང་བྲིས་ཡོད་མེད་ཀྱི་ཐོག་ཏུ་ཕྱིར་བསྒྱུར་ཆོག

༧ ༽ པར་རིས་ལ་ཞིབ་ལྟ།

པར་དང་བརྙན་གང་རུང་ནང་གི་རྩི་ཤིང་དང་། མེ་ཏོག སེམས་ཅན་སོགས་ཀྱི་ཐོག་ལ་མཛུབ་མོས་མནན་བསྡད་ཚེ། རེ་རེ་བཞིན་ངོས་འཛིན་བྱེད་ཐུབ་པ་མ་ཟད། དེ་དག་་གི་སྐོར་གྱི་གནས་ཚུལ་རྒྱུས་ལོན་བྱེད་ཐུབ།

༨ ༽ སྒོ་ལྕགས་ཀྱི་རྣམ་པ།

ཁ་པར་སྒོ་ལྕགས་ཀྱི་རྣམ་པའི་ཐོག་ཏུ་བཞག་ཚེ། བདེ་འཇགས་གོང་མཐོར་གཏོང་ནུས་ལ། ཚད་མཐོ་བའི་དྲ་ཐོག་གི་འཇབ་རྒོལ་ལས་སྲུང་སྐྱོབ་བྱེད་ནུས། ཁ་པར་སྒོ་ལྕགས་ཀྱི་རྣམ་པའི་ཐོག་ཏུ་འཇོག་པར། ཁ་པར་བསྐྱར་དུ་འགོ་འཛུགས་བྱེད་དགོས།

༩ ༽ ཁ་པར་འཕྲེད་ལ་བཞག་ནས་གློག་གསོག་པ།

ཁ་པར་འཕྲེད་ལ་བཞག་ནས་གློག་གསོག་སྐབས། སྤྱོད་སྒོ་ཆེན་པོ་ཡོད་པ་བཟོ་ཐུབ། དཔེར་ན། ཁ་པར་གྱི་འཆར་ངོས་སུ། གནམ་གཤིས་སྔོན་བརྡ་དང་། དུས་ཚོད། དྲོད་གྲངས། ཟླ་ཚེས་སོགས་ཆེན་པོ་བྱས་ནས་སྟོན་ཐུབ།

༡༠ ༽ དྲ་རྒྱ་བཤེར་ཆས།

ཀུ་ཤུ་ཁ་པར་ནང་གི་སྔར་ཡོད་ཀྱི་ས་ཧྥ་རེ་(safari)དྲ་རྒྱ་བཤེར་ཆས་ཀྱི་ནང་དུ་འཚོལ་བཤེར་བྱེད་སྐབས། གནས་ཚུལ་རིགས་གང་མགྱོགས་མཁོ་སྤྲོད་བྱེད་ངེས་ལ། སྒེར་གྱི་རྣམ་པའི་ཐོག་དྲ་མྱུལ་བྱས་ཏེ། དེ་བཀོལ་སྤྱོད་བྱེད་ཀྱི་མེད་པའི་གནས་སྐབས་སུ། ཁ་པར་ཁ་པར་གྱིས་རང་འགུལ་གྱི་ཐོག་ནས་ཁྱེད་ཀྱི་འཚོལ་བཤེར་གྱི་སྒེའུ་ཁུང་དེ་ཟྭ་བརྒྱབ་སྟེ་གཞན་གྱིས་ལྟ་མི་ཐུབ་པ་བཟོ་ངེས་ལ། དེ་བཞིན། དྲ་ཐོག་གི་རྗེས་འདེད་གཏོང་མཁན་རིགས་ཚང་མ་བཀག་འགོག་དང་མེད་པར་བཟོ་ངེས།

1 comment
Leave a Reply to Anonymous Cancel reply

Your email address will not be published. Required fields are marked *