མིས་བཟོས་རིག་ནུས། 人工智能 Artificial Intelligence
ཉེ་ལམ་རྒྱལ་སྤྱིའི་སྟེང་དུ་མིས་བཟོས་རིག་ནུས་ལ་བརྟེན་པའི་འཕྲུལ་མི་(Chat GPT) ཟེར་བ་འདི་སྐད་གྲགས་ཆེན་པོ་ཆགས་དུས། བོད་པ་མང་པོ་ཞིག་གིས་ཀྱང་དེའི་ནང་དུ་བོད་ཡིག་གི་དྲི་བ་སྣ་ཚོགས་བཏང་ནས་ཚོད་ལྟ་བྱས་ཡོད་ཀྱང་། རྒྱལ་སྤྱིའི་སྟེང་གི་གྲགས་ཆེ་ཤོས་ཀྱི་འཕྲུལ་མིས་བོད་ཡིག་ངོས་འཛིན་ཡག་པོ་བྱེད་ཐུབ་ཀྱི་མེད་པའི་གནས་སྟངས་དེས་བོད་མི་མང་པོ་ཞིག་གི་སེམས་ལ་སོ་སོའི་སྐད་ཡིག་དེ་རྒྱལ་ཁབ་གཞན་གྱི་སྐད་ཡིག་དང་གོམ་པ་མཉམ་སྤོ་བྱེད་ཐུབ་ཀྱི་མི་འདུག་སྙམ་པའི་ཚོར་སྣང་བསྐྲུན་ཡོད།
འོན་ཀྱང་། ད་ཆ་བོད་མི་རང་གི་རྩོལ་བ་ལ་བརྟེན་ནས་ལེགས་འགྲུབ་བྱུང་བའི་མིས་བཟོས་རིག་ནུས་ཀྱི་འཕྲུལ་མི་གཉིས་བོད་ཕྱི་ནང་གཉིས་སུ་གསར་དུ་སྐྱེས་པའི་གཏམ་བཟང་ཐོན་ཡོད།
ཁེ་པ་མིས་བཟོས་རིག་ནུས།
ཁེ་པ་མིས་བཟོས་རིག་ནུས་ནི། མཚོ་ལྷོ་ཁུལ་འབའ་རྫོང་ཁེ་པ་སྤྱི་གཉེར་ཁང་གིས་དུས་ཡུན་རིང་པོར་ཞིབ་འཇུག་དང་བཅོས་སྒྲིག་འོག་ལེགས་འགྲུབ་བྱུང་བའི་མིའི་བཟོས་རིག་ནུས་ཀྱི་འཕྲུལ་མི་ཞིག་ཡིན་ལ། དེ་ནི་བོད་ཡིག་གི་དྲི་བ་ཡོད་དོ་ཅོག་ལ་ལན་འདེབས་ཐུབ་པའི་འཕྲུལ་མི་ཐོག་མ་དེ་ཆགས་ཡོད། འཕྲུལ་མི་འདིར་ཁྱོད་རང་ལ་འཕྲད་ཀྱིན་པའི་གནད་དོན་སྣ་ཚོགས་ལ་དབྱེ་ཞིབ་དང་བློ་འདོན་བྱེད་པའི་ནུས་པ་ཡོད་པ་མ་ཟད། བསླབ་གཞིའི་དཀའ་གནད་དང་རྒྱུན་ལྡན་གྱི་དྲི་བ་སྣ་ཚོགས་ལའང་ལན་འདེབས་བྱེད་ཐུབ་ཀྱི་ཡོད་པ་ཁེ་པ་མིས་བཟོས་རིག་ནུས་སྤྱི་གཉེར་ཁང་གིས་བརྗོད་འདུག ད་དུང་། དེ་མ་ཟད། རྒྱུན་སྤྱོད་ཡིག་ཆ་སྣ་ཚོགས་ཁྱེད་ཀྱི་ཚབ་བྱས་ཏེ་འབྲི་ཐུབ་པ་དང་བསྒྱུར་བཅོས་སོགས་ཀྱང་བྱེད་ཐུབ་ཀྱི་ཡོད་འདུག
སྨོན་ལམ་མིས་བཟོས་རིག་ནུས།
ཕྱི་ལོ་ ༢༠༢༣ ལོའི་ཟླ་དང་པོའི་ཚེས་ཤར་ནས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་། འབྲེལ་ཡོད་སློབ་ཆེན་དང་ཚོགས་པ་རེ་འགའ་མཉམ་འབྲེལ་གྱིས་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་བརྡ་འཕྲིན་ལག་རྩལ་འཕེལ་རྒྱས་གཏོང་བའི་ལས་གཞི་གསར་བ་ཞིག་དབུ་འཛུགས་བྱས་ཡོད་འདུག་ལ། དེ་ནི་ཁ་སང་དེ་རིང་རྒྱལ་སྤྱིའི་སྟེང་ཧ་ཅང་གྲགས་ཆེ་བའི་མིས་བཟོས་རིག་ནུས་(AI) ཀྱི་ལས་གཞི་རྒྱ་ཆེ་བ་ཞིག་ཡིན་པ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྨོན་ལམ་རིག་ནུས་ཚན་པས་ཁྱབ་བསྒྲགས་བྱས་འདུག ལས་གཞི་དེའི་ཁྲོད་དུ་གཙོ་བོ་ཡིག་སྒྱུར་རིག་ནུས་དང་། ཡིག་གཟུགས་ངོས་འཛིན་རིག་ནུས། འབྲི་ཀློག་རིག་ནུས་བཅས་རིག་ནུས་མཉེན་ཆས་མ་འདྲ་བ་གསུམ་བཟོ་སྐྲུན་བྱ་འཆར་འདུག མཉེན་ཆས་དེ་དག་བཟོ་བར་འཕྲུལ་ཆས་རང་ལ་ཡིག་གཟུགས་སྣ་ཚོགས་དང་། སྐད་གདངས་འདྲ་མིན། ཡི་གེ་ཀློག་ཚུལ་བཅས་སོ་སོར་ངོས་འཛིན་ཐུབ་པའི་ནུས་པ་ཡོད་པ་ཞིག་བཟོ་དགོས་པས། དེའི་ཆེད་དུ་ཐོག་མར་འབྲེལ་ཡོད་ཀྱི་པར་རིས་དང་། ཡིག་གཟུགས། སྒྲ་གདངས་སོགས་རྒྱུ་ཆ་ཤིན་ཏུ་མང་པོ་གསོག་སྒྲུབ་བྱ་དགོས་ཀྱི་ཡོད་པ་བརྗོད་འདུག
ཕྱི་ལོ་ ༢༠༢༣ ལོའི་ཟླ་༤་པའི་ཚེས་༣༠་ཉིན། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྨོན་ལམ་རིག་ནུས་ཚན་པས་བོད་སྐད་ཀྱི་ལམ་ནས་ཁ་བརྡ་བྱེད་ཐུབ་པའི་(Chat GPT)ཚོད་ལྟའི་ཚུལ་དུ་གསར་བཟོ་བྱས་ཡོད་པ་ཡོངས་བསྒྲགས་གནང་ཡོད་ལ། མིས་བཟོས་རིག་ནུས་ལ་བརྟེན་པའི་འཕྲུལ་མིའི་ལས་གཞི་འདིའི་རྒྱབ་ལྗོངས་ཀྱི་རྒྱུ་ཆ་ཁག་ད་ཆ་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་བ་ཞིག་མིན་རུང་། མ་འོངས་པའི་ལོ་ཟླའི་ནང་དུ། སྨོན་ལམ་རིག་ནུས་ཀྱིས་བོད་ཀྱི་སྲིད་འབྱོར་རིག་གསུམ་ལ་ཞབསའདེབས་རླབས་ཆེན་བསྒྲུབ་ཐུབ་པར་ཐེ་ཚོམ་མི་དགོས་པར་སེམས།
保驾护航
བྱེད
བོད