ཨན་ཌོ་དང་ཀུ་ཤུ།
༡ ༽ ཚ་དྲོད་རྒྱས་པ།
ཁ་པར་ནང་དུ་འཛུལ་ཚར་བའི་མཉེན་འབུ་ཡིས་བྱེད་ལས་རྩོམ་པར། འཛད་སྤྱོད་པའི་ཁ་པར་གྱི་སྒྲིག་གཅོད་ཆས་དང་དེ་མིན་གྱི་རྒྱུ་ཆ་གཙོ་བོ་ཁག་བཀོལ་སྤྱོད་བྱེད་དགོས་ཀྱི་ཡོད་སྟབས། དེས་ཁ་པར་དང་ཁ་པར་ནང་གི་ལྷུ་ལག་ཁག་ལ་ཚ་དྲོད་རྒྱས་སུ་འཇུག་གི་ཡོད། གལ་ཏེ། ཁྱེད་ཀྱི་ཁ་པར་དུས་རྒྱུན་དང་མི་འདྲ་བར་ཚ་དྲོད་ཞེ་དྲག་རྒྱས་ཀྱི་ཡོད་པ་དོ་སྣང་བྱུང་ཚེ། ཉེ་ལམ་སོ་སོའི་ཁ་པར་ནང་དུ་ཕབ་ལེན་བྱས་པའི་བཀོལ་ཆས་ཁག་ལ་བསྐྱར་ཞིབ་བྱེད་དགོས་ལ། དོགས་གཞི་ཅན་གྱི་མཉེན་ཆས་རིགས་ཁ་པར་ནས་ཕྱིར་འདོན་བྱེད་དགོས། གང་ཡིན་ཟེར་ན། གསར་དུ་ནང་འཇུག་བྱས་པའི་མཉེན་ཆས་དེ་དག་གི་ནང་དུ་ནད་དུག་བསྐུངས་ཡོད་སྲིད། ཡང་ན། ཁྱེད་ཀྱིས་སོ་སོའི་ཁ་པར་ནང་གི་གཞི་གྲངས་ཁག་གྲབས་ཉར་བྱས་རྗེས། ཁ་པར་བསྐྱར་སྒྲིག་ཀྱང་བྱེད་ཆོག
༢ ༽ བཤེར་ཆས་ཀྱི་ནང་དུ། དོན་མེད་ཀྱི་ཁྱབ་བསྒྲགས་མངོན་པ་དང་སྒེའུ་ཁུང་གསར་བ་ཁ་འབྱེད་འགྲོ་བའི་སྣང་ཚུལ།
བཤེར་ཆས་ཀྱི་ནང་དུ། དོན་མེད་ཀྱི་ཁྱབ་བསྒྲགས་མངོན་པ་དང་སྒེའུ་ཁུང་གསར་བ་ཁ་འབྱེད་འགྲོ་བའི་སྣང་ཚུལ་དེ་ཨན་ཌོ་ནང་དུ་ལྷག་དུ་མང་བ་འབྱུང་གི་ཡོད། གལ་ཏེ་ཁྱེད་ཀྱི་དྲ་རྒྱ་བཤེར་ཆས་ཀྱི་ནང་དུ་གློ་བུར་དུ་ཡིག་ཚོགས་དེ་འདྲ་མངོན་ཡོང་གི་ཡོད་ཚེ། མཉེན་འབུ་ཡིས་ཁྱེད་ཀྱི་ཁ་པར་ནང་དུ་ནད་དུག་བགོས་ཡོད་སྲིད།
༣ ༽ ཁ་པར་ནང་གི་ཟླ་རེའི་རིན་སྤྲོད་དྲ་རྒྱ་མགྱོགས་པོར་རྫོགས་འགྲོ་བ།
མཉེན་འབུ་ཁག་གིས་བྱེད་ལས་རྩོམ་པར་ཁ་པར་གྱི་དྲ་རྒྱ་ལ་ཤུགས་ཆེར་བརྟེན་དགོས་ཀྱི་ཡོད། ཁ་གསལ་དུ་བཏང་སྟེ་བརྗོད་ན། མཉེན་འབུ་ཡིས་ཁྱེད་ཀྱི་དྲ་རྒྱ་བརྐུས་ཏེ་དྲ་ཐོག་གི་འཇབ་རྒོལ་པར་མཉམ་སྤྱོད་བྱེད་ཀྱི་ཡོད་སྟབས། ཁྱེད་ཀྱི་ཁ་པར་ནང་གི་དྲ་རྒྱ་མགྱོགས་པོ་རྫོགས་འགྲོ་གི་ཡོད། གལ་ཏེ། ཁྱེད་ཀྱིས་དྲ་ལམ་ནས་བརྙན་ལ་ལྟ་བ་དང་ཕབ་ལེན་སོགས་མང་པོ་བྱེད་ཀྱི་མེད་རུང་། ཟླ་རེའི་རིན་སྤྲོད་དྲ་རྒྱ་དེ་མགྱོགས་པོ་རྫོགས་འགྲོ་བའི་སྣང་ཚུལ་རིགས་དོ་སྣང་བྱུང་ཚེ། ཁྱེད་ཀྱི་ཁ་པར་མི་གཞན་གྱི་འཇབ་རྒོལ་འོག་ཏུ་ཤོར་ཚར་ཡོད་སྲིད།
༤ ༽ ཁ་པར་གྱི་བྱེད་ནུས་དལ་བ།
མཉེན་འབུ་ཡིས་ཁྱེད་ཀྱི་ཁ་པར་ནང་གི་སྒྲིག་གཅོད་ཆས་ཀྱི་བྱེད་ལས་ཀྱི་མགྱོགས་ཚད་ཀྱང་དལ་དུ་གཏོང་གི་ཡོད། གལ་ཏེ། ཁྱེད་ཀྱི་ཁ་པར་ནང་དུ་བཀོལ་ཆས་ཁག་ཁ་འབྱེད་པར་དཀའ་ངལ་ཡོད་པའམ། རོལ་རྩེད་རྩེ་བར་དུས་ཡུན་མང་པོ་འགོར་གྱི་ཡོད་ཚེ། ཁྱེད་ཀྱི་ཁ་པར་ལ་གནད་དོན་ཞིག་བྱུང་ཡོད་པའི་རྟགས་རེད།
༥ ༽ གློག་རྫས་ཀྱི་འདང་ཚད།
ཁ་པར་གྱི་ཚ་དྲོད་ཤུགས་ཆེར་རྒྱས་པ་དང་འབྲེལ་བའི་ཐོག་ནས་གླེང་ན། མཉེན་འབུ་ཡིས་རྒྱབ་ནས་བྱེད་ལས་བརྩམས་ཏེ་ཁ་པར་གྱི་གློག་རྫས་ཟད་དུ་འཇུག་གི་ཡོད། གལ་ཏེ། ཁྱེད་ཀྱི་ཁ་པར་གྱི་གློག་རྫས་དོན་མེད་དུ་མགྱོགས་པོར་རྫོགས་འགྲོ་གི་ཡོད་པ་དོ་སྣང་བྱུང་ཚེ། གོང་དང་གཅིག་མཚུངས་ལྟར། ཉེ་ལམ་ནང་འཇུག་བྱས་པའི་མཉེན་ཆས་རིགས་ཁ་པར་ནས་ཕྱིར་འདོན་བྱེད་ཆོག་ལ། ཁ་པར་གྱི་མ་ལག་ཡོངས་རྫོགས་བསྐྱར་སྒྲིག་བྱེད་ཆོག