དུང་དཀར་བོད་སྐད་ངོས་འཛིན་བཀོལ་ཆས།

ཕྱི་ལོ ༢༠༡༨་ལོའི་ཟླ་༡༠ པའི་ནང་དུ། རྒྱ་ནག་གི་ཁིག་ཏཱ་ཞུན་ཧྥེ་(科大讯飞)བཟོ་ཚོང་ཁང་ཞིག་གི་མཐུན་འགྱུར་འོག ༼ དུང་དཀར་བོད་ཡིག་འཇུག་ཐབས།༽ཟེར་བའི་བོད་ཀྱི་སྐད་ཆ་ངོས་འཛིན་བྱེད་ཐུབ་པའི་བཀོལ་ཆས་གསར་པ་ཞིག་ལེགས་འགྲུབ་བྱུང་ཡོད་ལ། འདི་ནི་བོད་ཀྱི་ལོ་རྒྱུས་སྟེང་། བོད་པའི་སྐད་ཆ་ཡིག་ཐོག་ཏུ་འབེབ་ཐུབ་པའི་རིན་མེད་ཀྱི་བཀོལ་ཆས་ཐོག་མ་དེ་ཆགས་ཡོད་སྟབས།བོད་ཕྱི་ནང་གི་དྲ་ལམ་ཁག་ཏུ་ཤུགས་ཆེར་ཁྱབ་སྤེལ་འགྲོ་བཞིན་ཡོད། དུང་དཀར་བོད་ཡིག་བཀོལ་ཆས་འདིའི་ནང་དུ་སྐད་སྒྲ་ནང་འདྲེན་གྱི་ཁྱད་ཆོས་ཙམ་མ་ཟད།གྷོ་གྷིལ་ཡིག་སྒྱུར་ལྟར།བོད་ཡིག་གི་ཚིག་གྲུབ་རྒྱ་ཡིག་ནང་བསྒྱུར་ཐུབ་པའི་ནུས་པའང་འདུག

དུང་དཀར་བོད་ཡིག་བཀོལ་ཆས་འདི་སྐད་འཕྲིན་དང་སྦྲེལ་བ་ཡིན་ན། ཁྱེད་ལ་བོད་ཡིག་གཏགས་བྱེད་ཀྱི་དུང་དཀར་བོད་ཡིག་གི་མཐེབ་གཞོང་དང་། བོད་ཡིག་ལག་བྲིས་ངོས་འཛིན་བྱེད་ཐུབ་པའི་ནང་འདྲེན་གྱི་གདམ་ག་གཉིས་ཡོད། དེ་ལས་ཁྱད་ཆོས་འཕར་མ་གཞན་ཞིག་ཡོད་པ་ནི། དུས་ཡུན་སྐར་མ་གཅིག་གི་ནང་དུ་བོད་ཡིག་གི་ཡིག་འབྲུ་༡༨༠ ངོས་འཛིན་བྱས་ཏེ་ནང་འདྲེན་བྱེད་ཐུབ་པ་དེ་རེད། འོན་ཀྱང་། བཀོལ་ཆས་འདིའི་ནང་དུ་དབུས་སྐད་ཀྱི་སྐད་གདངས་ངོས་འཛིན་ཐུབ་པའི་ཚད་གཞི་དེ་བརྒྱ་ཆ་༩༨་ཙམ་ཡིན་རུང་། ཨམ་སྐད་ཀྱི་སྒྲ་གདངས་ངོས་འཛིན་ཚད་ལྡན་མིན་པ་མ་ཟད། ད་ལྟའི་ཆར་ཁམས་སྐད་ཀྱི་གདམ་ག་རྩ་བ་ནས་བཟོས་མི་འདུག

གལ་ལྟར། ཕྱི་རྒྱལ་ནས་མཚར་ལོངས་བྱུང་བའི་བོད་མི་མང་པོ་ཞིག་ལ་ནམ་རྒྱུན་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱ་དང་སྐད་འཕྲིན་སོགས་ཀྱི་ནང་དུ་བོད་ཡིག་འབྲི་འདོད་ཀྱི་འདུན་པ་ཆེན་པོ་ཡོད་རུང་། རང་ཉིད་ཀྱིས་བྲིས་པའི་ཡིག་ནོར་ལ་གཞན་གྱིས་སྐྱོན་བརྗོད་དང་འཕྱ་སྨོད་བྱེད་པར་དོགས་ནས། བོད་ཡིག་འབྲི་བའི་བློ་སྤོབས་རྩ་བ་ནས་འདང་གི་མེད། འོན་ཀྱང་། བོད་སྐད་ངོས་འཛིན་བྱེད་ཐུབ་པའི་བཀོལ་ཆས་གསར་པ་འདི་བོད་སྐད་བཤད་ཤེས་ཀྱང་བོད་ཡིག་འབྲི་མི་ཤེས་མཁན་དང་། འབྲི་ཤེས་རུང་།གདེང་ཚོད་མེད་མཁན་གྱི་བོད་རིགས་གཞོན་སྐྱེས་ཚོར་དམིགས་བསལ་གྱིས་ཕན་ཐོགས་ཆེན་པོ་འབྱུང་བར་གདོན་མི་ཟའོ།།

 

5 comments
  1. ནང་འཇུག་གང་འདྲ་བྱེད་དགོས་སམ་

    1. བཀོལ་ཆས་མཛོད་ཁང་། App store་ནང་རྒྱ་ཡིག་东噶藏文输入法 ཞེས་གཏགས་ན། ཁྱེད་ཀྱིས་དུང་དཀར་བོད་ཡིག་བཀོལ་ཆས་དེ་རྙེད་ཐུབ།

      1. Android ཁ་པར་ནང་ཇི་ལྟར་བྱས་ནས་ཕབ་ལེན་བྱེད་དགོས་སམ།

  2. Android ཁ་པར་ནང་ནང་འཇུག་ཇི་ལྟར་བྱས་ནས་བྱེད་དགོས་སམ།

  3. ཨན་ཌོ་ཁ་པར་ནང་དུང་དཀར་ཡིག་གཟུགས་མ་གཏོགས། ཀུ་ཤུ་ཁ་པར་ནང་ལྟར་དམིགས་བསལ་བཀོལ་ཆས་དེ་འདྲ་ལོགས་ཀ་མི་འདུག དེ་ནས་ཨན་ཌོ Play 商店 ནང་རྙེད་མ་སོང་།

Leave a Reply to Anonymous Cancel reply

Your email address will not be published. Required fields are marked *