ཀུ་ཤུ་ཁ་པར་སྐོར་གྱི་གླེང་སློང་།

དེ་ཡང་ལོ་མང་རིང་དྲ་ལམ་དུ་ཟབ་སྦྱོང་སྤྲད་པའི་གོ་རིམ་ཁྲོད་ནས་བདག་གིས་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་དར་ཁྱབ་ཆེ་ཤོས་ཀྱི་ཁ་པར་ནི་ཀུ་ཤུ་ཁ་པར་ཡིན་པ་ཤེས་རྟོགས་བྱུང་།

དེ་བས། རང་གི་ཤེས་ཚོད་ཀྱིས་ཀུ་ཤུ་ཁ་པར་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་དྲ་གྲོགས་ཚོར་མཉམ་སྤྱོད་བྱེད་འདོད།

དང་པོ།  རྒྱལ་ཁབ་ཕྱི་ནང་གི་ཀུ་ཤུ་ཁ་པར་ལ་ཁྱད་པར་ཡོད་དམ་ཞེ་ན། 

ང་ཚོའི་ཁྲོད་ཀྱི་དྲ་གྲོགས་མང་པོ་ཞིག་གིས་རྒྱལ་ནང་ནས་ཐོན་པའི་ཀུ་ཤུ་ཁ་པར་དང་ཕྱི་རྒྱལ་གྱི་ཀུ་ཤུ་ཁ་པར་གཉིས་ཀའི་བར་ལ་ཁྱད་པར་ཡོད་ངེས་པའི་ཐེ་ཚོམ་བྱེད་ཀྱི་ཡོད་རུང་། རྒྱལ་ནང་ནས་ཉོས་པའི་ཀུ་ཤུ་ཁ་པར་རྫུན་མ་དེ་འདྲ་ཡིན་ན་མ་གཏོགས། རྩ་བའི་ཆ་ནས་རྒྱལ་ནང་གི་ཀུ་ཤུ་ཁ་པར་དང་ཕྱི་རྒྱལ་གྱི་ཀུ་ཤུ་ཁ་པར་བར་གྱི་མཁྲེགས་ཆས་སམ་སྲ་ཆས་ལ་ཁྱད་པར་མེད་པར་སྣང་ལ། དུས་ད་ལྟའི་ཆར། ཀུ་ཤུ་བཟོ་ལས་ཁང་ཡིན་ན་འདྲ། དེ་མིན་གྱི་ཉམས་ཞིབ་སྡེ་ཚན་གང་གིས་ཀྱང་རྒྱལ་ནང་གི་ཀུ་ཤུ་ཁ་པར་དང་ཕྱི་རྒྱལ་གྱི་ཀུ་ཤུ་ཁ་པར་གཉིས་ཀའི་བར་ལ་ཁྱད་པར་ཡོད་པའི་གནས་ཚུལ་གང་ཡང་འདོན་སྤེལ་གནང་མེད་པས། དེའི་སྐོར་ལ་སེམས་ཁྲལ་བྱེད་དགོས་དོན་མེད། མདོར་བསྡུས་ནས་བཤད་ན། རྒྱལ་ནང་གི་ཀུ་ཤུ་ཁ་པར་དང་ཕྱི་རྒྱལ་གྱི་ཀུ་ཤུ་ཁ་པར་གཉིས་ཀྱི་ཁྱད་པར་གཙོ་བོ་ནི། རྒྱལ་ཁབ་སོ་སོའི་ནང་གི་མཉེན་ཆས་དང་ཞབས་ཞུ། བརྩི་སྲུང་བྱེད་དགོས་པའི་ཁྲིམས་སྲོལ་ཁག་མ་གཏོགས། རྩ་བའི་ཁ་པར་གྱི་མཁྲེགས་ཆས་ལ་ཁྱད་པར་མེད།

གཉིས་པ། ཀུ་ཤུའི་བིམ་མཛོད་ལ་ཁྱད་པར་ཡོད་དམ་ཞེ་ན། 

གོང་དུ་ཞུས་ཟིན་པ་བཞིན། རྒྱལ་ཁབ་སོ་སོའི་ནང་གི་དྲ་རྒྱའི་ཁྲིམས་དང་སྒྲིག་གཞི་ཁག་མི་འདྲ་བར་བརྟེན། ཀུ་ཤུ་ཁ་པར་ཡིན་པ་འདྲ་འདྲ་ཡིན་རུང་།རྒྱལ་ཁབ་སོ་སོའི་ནང་གི་བིམ་མཛོད་ཀྱི་ནང་ནས་ཕབ་ལེན་བྱེད་ཆོག་པའི་བཀོལ་ཆས(App)་ཀྱི་གྲངས་ཀ་དང་ཚད་བཀག་མི་འདྲ། དཔེར་ན། ཕྱི་རྒྱལ་ནས་ཕབ་ལེན་ཐུབ་པ་དང་ཆོག་པའི་བཀོལ་ཆས་མང་པོ་ཞིག་རྒྱལ་ནང་དུ་ཕབ་ལེན་བྱེད་རྒྱུ་མེད།

གང་ཡིན་ཞེ་ན། ལོ་ཤས་གོང་ནས་ཀུ་ཤུ་བཟོ་ལས་ཁང་དང་སྲིད་གཞུང་གཉིས་ཀས་མཉམ་རུབ་ཀྱི་ཐོག་ནས། བཀོལ་ཆས་མང་པོ་ཞིག་རྒྱལ་ནང་གི་ཀུ་ཤུའི་བིམ་མཛོད་ཀྱི་ནང་ནས་ཕབ་ལེན་བྱེད་རྒྱུ་མེད་པ་བཟོས་ཡོད། གལ་ཏེ། དཀའ་ངལ་དེ་སེལ་དགོས་ན། ཀུ་ཤུ་བིམ་མཛོད་ཕྱི་རྒྱལ་དུ་ཐོ་འགོད་བྱེད་རྒྱུ་དང་། དེ་མིན་ན་ཕྱི་རྒྱལ་དུ་ཡོད་པའི་རང་གི་གྲོགས་པོ་གང་རུང་གིApple ID་གཡར་རྒྱུ་མ་གཏོགས་ཐབས་གཞན་མེད།

ད་དུང་མི་འདྲ་ས་ཞིག་ཡོད་པ་ནི། ཕྱི་རྒྱལ་དུ་ཀུ་ཤུ་བིམ་མཛོད་ཀྱི་Apple ID ཐོ་འགོད་མ་བྱས་ཚེ། ཀུ་ཤུ་ཁ་པར་གྱི་ནང་དུ་བཀོལ་ཆས་གང་ཡང་ཕབ་ལེན་བྱེད་མི་ཐུབ་པས། Apple ID དང་དེའི་གསང་གྲངས་མེད་ན། ཀུ་ཤུ་ཁ་པར་ལ་བེད་སྤྱོད་གང་ཡང་མེད་པ་ལྟ་བུ་ཞིག་ཡིན། འོན་ཀྱང་། དེ་ལས་ལྡོག་སྟེ། རྒྱལ་ནང་དུ། ཀུ་ཤུ་བིམ་མཛོད་Apple ID ཐོ་འགོད་མ་བྱས་རུང་། མཉེན་ཆས་ཕབ་ལེན་བྱ་སའི་གནས་གཞན་པ་སྟེ།་དཔེར་ན།  Aisi (爱思)བརྒྱུད་ནས་བཀོལ་ཆས་གང་འདོད་ལྟར་ཕབ་ལེན་བྱེད་ཆོག  

གསུམ་པ། ཨའེ་སི་ལ་གནད་དོན་ཡོད་དམ་ཞེ་ན། 

ཨའེ་སི་ནི་རྒྱལ་ནང་དང་ལྷག་པར་དུ་བོད་མི་ཚོས་རྒྱ་ཁྱབ་དུ་བཀོལ་བཞིན་པའི་མཉེན་ཆས་ཤིག་ཡིན། Apple ID་ནི་གཞི་རིམ་རོང་འབྲོག་མང་ཚོགས་ཀྱིས་ལས་སླ་པོའི་ཐོག་ནས་ཐོ་འགོད་བྱེད་ཤེས་པ་ཞིག་མིན་སྟབས།  ཨའེ་སི་མ་ལག་དེ་བཀོལ་སྤྱོད་མི་བྱེད་ཐུ་མེད་ལྟ་བུ་ཞིག་ཆགས་ཡོད་རུང་། དེང་སང་Apple ID་བཟོ་སྟངས་སློབ་ཁྲིད་བྱེད་མཁན་གྱི་བོད་པའི་ན་གཞོན་འཕྲུལ་ལས་ཆེད་མཁས་པ་མང་པོ་ཡོད་པ་མ་ཟད། དེའི་སྐོར་ལ་དྲ་ལམ་དུ་བརྙན་པར་རིགས་ཀྱང་མང་པོ་མཐོང་རྒྱུ་ཡོད་པས། ཉིན་གང་བོར་མགྱོགས་འཕྲིན་ནང་གི་རྫུན་གཏམ་འབའ་ཞིག་ལ་མགོ་འཁོར་ནས་འདུག་པ་ལས། ཚང་མས་Apple ID ཐོ་འགོད་བྱེད་སྟངས་སློབ་སྦྱོང་བྱེད་རྒྱུ་ནི་ཀུ་ཤུ་ཁ་པར་བཀོལ་མཁན་ཞིག་གིས་སྣང་མེད་དུ་འཇོག་མི་འོས་པའི་གནད་དོན་གལ་ཆེན་ཞིག་ཡིན།

གང་ཡིན་ཞེ་ན། ཨ་རིའི་དྲ་རྒྱའི་བདེ་འཇགས་བཟོ་ལས་ཁང་ཞིག་གི་ཉམས་ཞིབ་ཀྱི་སྙན་ཐོ་ཞིག་གི་ནང་དུ། ཨའེ་སི་བཟོ་ལས་ཁང་གིས་སོ་སོའི་དྲ་ལམ་སྡིངས་ཆ་བེད་སྤྱད་དེ་འཛད་སྤྱོད་པ་ཚོའི་ཁ་པར་གྱི་ནང་དུ་གནོད་འཚེ་ཆེ་བའི་འཇབ་རྒོལ་གྱི་རུ་དམག་བཏང་ཡོད་པའི་གནས་ཚུལ་འཁོད་ཡོད་སྟབས། རང་ཉིད་ཀྱི་བདེ་འཇགས་ལ་ཡིད་གཟབ་བྱེད་འདོད་ན། ཀུ་ཤུ་བིམ་མཛོད་ཁོ་ན་ནས་བཀོལ་ཆས་ཕབ་ལེན་བྱེད་རྒྱུ་གལ་ཆེ།

བཞི་པ། Apple ID ཐོ་འགོད་བྱེད་སྟངས་ལ་ཁྱད་པར་ཡོད་དམ་ཞེ་ན། 

 ཁྱེད་ཀྱི་ཀུ་ཤུ་ཁ་པར་ཕྱི་རྒྱལ་ནས་ཉོས་ཡོད་རུང་། Apple ID ཐོ་འགོད་བྱེད་སྐབས་སྡོད་གནས་རྒྱལ་ཁབ་ཀྲུང་གོ་འདེམས་ཚེ། ཕྱི་རྒྱལ་ནས་ཕབ་ལེན་བྱེད་ཐུབ་པའི་བཀོལ་ཆས་གང་ཡང་ཕབ་ལེན་བྱེད་མི་ཐུབ་པ་ཆགས་འགྲོ  འོན་ཀྱང་། དེ་ལས་ལྡོག་སྟེ། རྒྱལ་ནང་ནས་ཉོས་པའི་ཀུ་ཤུ་ཁ་པར་གྱི་ནང་དུ། ཕྱི་རྒྱལ་གྱི་རྒྱལ་ཁབ་གང་རུང་ཞིག་འདེམས་ཏེ་Apple IDབཟོས་ཚེ། ཕྱི་རྒྱལ་གྱི་འཛད་སྤྱོད་པ་གཞན་དག་དང་འདྲ་བར། རང་ལ་དགོས་པའི་བཀོལ་ཆས་ཡོད་དོ་ཅོག་བཀག་རྒྱ་གང་ཡང་མེད་པའི་ཐོག་ནས་ཕབ་ལེན་བྱེད་ཐུབ། 

ལྔ་པ། རྒྱལ་ནང་གི་ཀུ་ཤུ་ཁ་པར་གྱི་དྲ་རྒྱ་བཤེར་ཆས་དེ་ངོ་མའམ་དག་མ་ཡིན་ནམ་ཞེ་ན། 

དྲ་རྒྱ་བཤེར་ཆས་ནི་དྲ་ཚིགས་འདྲ་མིན་ལྟ་ཀློག་བྱེད་སྤྱད་ཀྱི་ལག་ཆ་མེད་དུ་མི་རུང་བ་ཞིག་ཡིན་རུང་། འབྲེལ་ཐག་ཡོད་ཚད་ཐད་ཀར་སྐད་འཕྲིན་ནང་ཁ་འབྱེད་ཐུབ་ཀྱི་ཡོད་སྟབས། དྲ་གྲོགས་མང་པོ་ཞིག་གིས་དྲ་རྒྱ་བཤེར་ཆས་ཀྱི་སྐོར་ལ་དེ་ཙམ་དོ་སྣང་དང་ཆ་འཇོག་བྱེད་ཀྱི་མེད། འོན་ཀྱང་། ཚང་མས་མཁྱེན་གསལ་ལྟར། སྐད་འཕྲིན་ནང་ནས་དྲ་ཚིགས་མང་པོ་ཞིག་རང་བཞིན་གྱིས་ཐོག་ནས་ཁ་འབྱེད་མི་ཐུབ་པ་བཟོས་ཡོད། དེའི་དཔེ་མཚོན་ཡག་ཤོས་དེ་ནི་ད་ལྟ་ཁྱེད་ཚོས་ལྟ་ཀློག་བྱེད་བཞིན་པའི་ལམ་ཡིག་དྲ་ཚིགས་འདི་ཡིན། ལམ་ཡིག་གཅིག་པུ་མིན་པར། དྲ་ཚིགས་གཞན་མང་པོ་ཞིག་སྐད་འཕྲིན་གྱི་ནང་དུ་ཁ་འབྱེད་མི་ཐུབ་པས། དྲ་ལམ་གྱི་ཤེས་བྱ་ཡོངས་རྫོགས་ལ་སྦྱོང་བ་བྱེད་འདོད་ཚེ། སྐད་འཕྲིན་གཅིག་པུར་སྐྱབས་མི་བཅོལ་བར། དྲ་རྒྱ་བཤེར་ཆས་ཤིག་སྤྱོད་རྒྱུ་གལ་ཆེ།

Safari བཤེར་ཆས།

དྲ་རྒྱ་བཤེར་ཆས་ལ་མཚོན་ན། བརྒྱ་འདུས(百度)་དང་QQ སོགས་སྣ་མང་ཞིག་ཡོད་རུང་། ཀུ་ཤུ་ཁ་པར་བཀོལ་མཁན་ཡིན་ན། ཀུ་ཤུ་ཁ་པར་ནང་གི་Safari ཟེར་བའི་ཕྱོགས་སྟོན་འཁོར་ལོའི་རྟགས་ཅན་གྱི་སྔར་ཡོད་ཀྱི་དྲ་རྒྱ་བཤེར་ཆས་དེ་བཀོལ་ཐུབ་ན་ལེགས། གང་ཡིན་ཞེ་ན། རྒྱལ་ནང་གི་ཀུ་ཤུ་ཁ་པར་དང་ཕྱི་རྒྱལ་གྱི་ཀུ་ཤུ་ཁ་པར་ནང་གི་Safari་དྲ་རྒྱ་བཤེར་ཆས་ཀྱི་བདེ་འཇགས་ཀྱི་ཚད་གཞི་དང་ཁྱད་ཆོས་ཁག་གི་བར་ལ་ཁྱད་པར་གང་ཡང་མེད་པའི་ཕྱིར་རོ།།

1 comment
Leave a Reply

Your email address will not be published. Required fields are marked *