འབྲེལ་ཐག་གང་བྱུང་ཁ་མ་འབྱེད།

ང་ཚོས་དུས་རྒྱུན་འབྲེལ་མཐུད་ཀྱི་བཀོལ་ཆས་རིགས་བེད་སྤྱོད་བྱས་ཏེ། ནང་མི་དང་གྲོགས་པོ་ཕན་ཚུན་དབར་གནས་ཚུལ་དང་བརྡ་ལན་གཏོང་རེས་བྱེད་ཀྱི་ཡོད་སྟབས། གནས་ཚུལ་ཆེ་མ་ཆུང་གསུམ་རིགས་ཆ་ཚང་རང་ཉིད་ཀྱི་ཁ་པར་ནང་འབྱོར་བའི་རེ་ལྟོས་བྱེད་ཀྱི་ཡོད། དེའི་རྐྱེན་ཀྱིས། ཁ་པར་ནང་འབྱོར་བའི་འབྲེལ་ཐག་དང་ཡིག་ཆའི་རིགས་ཚང་མའི་ཐོག་ཏུ་གནོན་རྐྱང་བྱེད་པའི་གོམས་གཤིས་ཤིག་ཀྱང་ང་ཚོའི་རྒྱུད་ལ་འཇགས་ཡོད། དྲ་ཐོག་གི་ཉེས་ཅན་པ་དང་རྒྱལ་ཁབ་ཀྱི་གསང་བའི་མི་སྣ་ཁག་གིས། མི་ཚོའི་དུས་རྒྱུན་འབྲེལ་ཐག་གི་ཐོག་ཏུ་གནོན་རྐྱང་བྱེད་པའི་གོམས་གཤིས་དེའི་སྟེང་ནས་ཁེ་ཕན་ལེན་གྱི་ཡོད། འབྲེལ་ཐག་གི་སྟེང་དུ་མནན་ཚར་བའི་རྗེས་སུ། དོན་དག་ཅི་ཞིག་འབྱུང་མིན་སྐོར་དྲ་བའི་བདེ་འཇགས་ཆེད་ལས་པ་ཚོ་ཁོ་ནས་མ་གཏོགས། བླ་མ་དཀོན་ཅོག་གིས་ཀྱང་མཁྱེན་གྱི་མེད།

འབྲེལ་ཐག་གིས་ཅི་ཞིག་བྱེད་ཐུབ་མིན་སྐོར་རྒྱས་པ་མ་གླེང་བའི་སྔོན་དུ། ང་ཚོས་དྲ་ཚིགས་ཤིག་སྒོ་འབྱེད་པའམ་འབྲེལ་ཐག་ཅིག་གི་སྟེང་དུ་གནོན་སྐབས། བྱེད་ལས་དེ་དག་གི་རྒྱབ་ཏུ་ཅི་ཞིག་འབྱུང་གི་ཡོད་མེད་སྐོར་རོབ་ཙམ་ཞིག་ཤེས་པར་འབད་པ་བྱེད།

ཁྱེད་ཀྱིས་འབྲེལ་ཐག་ཅིག་གི་སྟེང་དུ་གནོན་སྐབས། ཅི་ཞིག་འབྱུང་གི་ཡོད།

དྲྭ་ཚིགས་ཁག་གིས་HTML, CSS,  javascript, Flash སོགས་གློག་ཀླད་ཀྱི་སྐད་ཡིག་ཁག་བེད་སྤྱད་དེ། ཁྱེད་ཀྱི་འཚོལ་བཤེར་གྱི་མྱོང་ཚོར་མཐོར་འདེགས་གཏོང་གི་ཡོད།དེ་དག་གི་ཁྲོད་ཀྱི་ སྐད་ཡིག་ཁ་ཤས་བཤེར་ཆས་ཀྱི་ཁ་སྣོན་ཡོ་ཆས་རང་ངོས་ནས་མཁོ་འདོན་དང་རམ་འདེགས་བྱེད་ཀྱི་ཡོད། ང་ཚོས་དྲ་ཚིགས་ཤིག་གི་ངོས་སམ། ཡང་ན་འཕྲིན་ཐུང་དང་། གློག་འཕྲིན་ཡིག་ཟམ་ནང་འབྱོར་བའི་འབྲེལ་ཐག་ཅིག་གི་སྒང་ལ་མནན་པ་ཡིན་ན། ཁྱེད་རང་གིས་སོ་སོའི་བཤེར་ཆས་(浏览器)ལ། འབྲེལ་ཐག་དེ་དང་འབྲེལ་བའི་དྲ་ཚིགས་དེ་དྲྭ་ཐོག་ཏུ་འཚོལ་བཤེར་བྱས་ཏེ་རེག་ཐབས་བྱེད་དགོས་པའི་རེ་སྐུལ་བྱེད་ཀྱི་ཡོད་པ་རེད་ལ། བཤེར་ཆས་ཀྱིས་གྲུབ་ཆ་ཚང་མ་བེད་སྤྱོད་བྱེད་ཀྱི་ཡོད་པས། ང་ཚོས་ད་གཟོད་འཚོལ་བཤེར་བྱས་པའི་དྲ་ཚིགས་དེའི་ངོས་སུ་ག་རེ་ཡོད་མེད་མཐོང་ཐུབ་ཀྱི་ཡོད།

ང་ལ་ཇི་ལྟར་གནོད་འཚེ་ཕོག་སྲིད།

ང་ཚོའི་ཁ་ཕྱེས་དྲ་ཚིགས་མང་ཆེ་བ་གནོད་འཚེ་གཏོང་མཁན་དེ་འདྲ་མིན། འོན་ཀྱང་། མཚམས་རེར་དྲ་ཐོག་གི་འཇབ་རྒོལ་བ་ཚོས་དྲ་ཚིགས་ངན་པ་དེ་འདྲ་བཟོ་སྲིད་ལ། དྲ་ཚིགས་དེ་འདྲའི་རིགས་ཀྱིས་ང་ཚོའི་བཤེར་ཆས་ལ་བྱེད་ལས་ངན་པ་རྩོམ་དུ་འཇུག་ཐུབ། ནད་འབུ་ཁུར་བའི་དྲ་ཚིགས་དེ་དག་ང་ཚོའི་གནས་ཚུལ་རིགས་བརྐུ་བར་དམིགས་ཏེ་བཟོས་པ་ཡིན་པས། དུས་རྒྱུན་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་སྐད་འཕྲིན་དང་། ངོ་དེབ། གློག་འཕྲིན་ཡིག་ཟམ་་སོགས་འབྲེལ་མཐུད་ཀྱི་སྡིགས་ཆ་དེ་དག་བརྒྱུད་ནས། འབྲེལ་ཐག་གི་སྟེང་དུ་གནོན་པར་བསྐུལ་ཆེད་ཆེས་ཛ་དྲག་གི་རྣམ་པ་ལྡན་ཞིང་། ཐད་ཀར་རང་ཉིད་ལ་ཡོད་པ་ལྟ་བུར་སྣང་བའི་ཡིག་འཕྲིན་དེ་འདྲ་གཏོང་གི་ཡོད།

གལ་ཏེ་གྲོགས་པོ་ཞིག་གིས་ཁྱེད་ལ། ཁུག་དམར་དང་ཡང་ན་དངུལ་ཁང་བརྒྱུད་སྒོར་མོ་བཏང་ཡོད་པས། གཤམ་གྱི་འབྲེལ་ཐག་གམ་བཤེས་རིས་(二维码)ཀྱི་སྒང་ལ་མནན་ཏེ། སྒོར་མོ་ལེན་རོགས་ཞེས་འཕྲིན་ཐུང་བཏང་བ་ཡིན་ན། ཁྱེད་ཀྱིས་དེ་ལྟར་སྒྲུབ་མི་ཉན། འཕྲིན་ཐུང་དེ་འདྲས་ཁྱེད་ཀྱི་ལག་པར་ཟ་འཕྲུག་ལངས་སུ་འཇུག་སྲིད་ཀྱང་། ཁྱེད་རང་གི་གྲོགས་པོའི་ཕྱོགས་ནས་སྒོར་མོ་འབྱོར་བར་སྒུག་གི་མེད་ཚེ། འཕྲིན་ཐུང་དེ་རིགས་སྣང་མེད་དུ་འཇོག་དགོས། རབ་ཡིན་ན། འཕྲིན་ཐུང་དེ་གཏོང་མཁན་གྱི་གྲོགས་པོར་དངོས་སུ་ཁ་པར་བཏང་སྟེ། བདེན་པ་ཡིན་མིན་ར་སྤྲོད་བྱེད་དགོས་པའམ། ཁོ་ལ་དྲ་ཐོག་གི་འཇབ་རྒོལ་པས་ཁོ་རང་གི་མིང་བེད་སྤྱད་དེ་གྲོགས་པོ་ཚང་མར་གནོད་འཚེ་གཏོང་རྩིས་བྱེད་ཀྱི་ཡོད་པའི་བརྡ་ལན་ངེས་པར་སྤྲོད་དགོས། གལ་ཏེ། ཁྱེད་ལ་སྒོར་མོ་ཞིག་འབྱོར་བར་སྒུག་བཞིན་ཡོད་པའི་དབང་དུ་བཏང་རུང་། ག་དུས་ཡིན་ཡང་། གྲོགས་པོའི་ངོས་ནས་སྒོར་མོ་དེ་བཏང་ཡོད་མེད་ཁག་ཐེག་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། གང་ཡིན་ཞེ་ན། བཤེར་རིས་དང་འབྲེལ་ཐག་དེ་རིགས་ཁྱེད་ཀྱི་ཁ་པར་དང་དངུལ་ཁང་ནང་གི་སྒོར་མོ་བརྐུ་བྱེད་ཀྱི་གཡོ་ཐབས་ཤིག་ཡིན་སྲིད།

ངས་མཐོང་མྱོང་བའི་གཡོ་ཐབས་དག་གི་ཁྲོད་ནས་ཆེས་གྲགས་ཆེ་བ་ཁག་ཅིག་ནི།

ཨ་རོགས། ཐུབ་བསྟན། ཁྱོད་ཀྱིས་འདྲ་པར་འདི་འདྲ་ཞིག་ལེན་ཐུབ་པ་ངས་ཁྱོན་ནས་ཡིད་ཆེས་ཀྱི་མེད།(འབྲེལ་ཐག་ཅིག་འཕྲིན་ཐུང་འདི་དང་མཉམ་དུ་བསྐུར་ཡོད།)

ཨ་རོགས། ཐུབ་བསྟན། མི་ཞིག་ཁྱེད་ཀྱི་དངུལ་ཁང་གི་ཁ་བྱང་ནང་འཛུལ་ཐབས་བྱེད་ཀྱི་འདུག གལ་ཏེ་མི་དེ་དངོས་ནས་ཁྱེད་རང་མིན་པ་ཡིན་ན། འདི་ནས་ཁུངས་སྐྱེལ་བྱས་རྗེས། དངུལ་ཁང་ཁ་བྱང་གི་གསང་ཚིག་བརྗེ་རོགས། (འཕྲིན་ཐུང་འདི་དང་མཉམ་དུ། འབྲེལ་ཐག་ཅིག་བསྐུར་ངེས་ལ། དེའི་ནང་དུ་ཁྱེད་རང་གི་དངུལ་ཁང་གི་གནས་ཚུལ་ཁག་བསྐང་ས་ཡོད།)

ཐུབ་བསྟན།ཚོགས་པ་ག་གེ་མོ་ཞིག་བཙུགས་ནས་ལོ་ལྔ་བཅུའི་འཁོར་བའི་དུས་དྲན་དང་སྟབས་བསྟུན་ནས། མི་རེ་རེ་ལ་དམངས་སྒོར་༢༠༠ རེ་སྟེར་གྱི་འདུག་པས། དངུལ་འདི་དག་ཁྱེད་རང་གི་ཁུག་དམར་ནང་བླུགས་རོགས། (བཤེར་རིས་ཤིག་གམ། འབྲེལ་ཐག་ཅིག་ཡོད་པ་དང་། དེའི་སྒང་ལ་མནན་ན། ཁྱེད་རང་འཆར་ངོས་གཞན་པ་ཞིག་གི་འཁྲིད་འགྲོ་གི་ཡོད།)

ཁྱེད་རང་གི་གྲོགས་པོ་ཞིག་གི་མིང་ཐོག་ནས་འཕྲིན་ཐུང་འབྱོར་བའི་སྐབས་སུ།དུས་རྒྱུན་ཁ་པར་རམ་བརྒྱུད་ལམ་གཞན་པ་བརྒྱུད་དེ་ཁོང་ཚོ་དང་དངོས་སུ་འབྲེལ་བ་བྱས་ཏེ། བདེན་པ་ཡིན་མིན་ཁག་ཐེག་བྱེད་དགོས། དེ་ལྟར་བྱས་ན། ཁོང་ཚོའི་ཁ་བྱང་བརྟན་སྲུང་བྱེད་པར་ཕན་པ་མ་ཟད། ཁོང་དང་གྲོགས་པོ་ཚོར་གནོད་འཚེ་མ་ཡོང་བར་ཕན་ཐོགས་ཆེ།

 

འཕྲིན་ཐུང་དང་གློག་འཕྲིན་ཡིག་ཟམ་འདི་འདྲའི་རིགས་འབྱོར་དུས། ང་ཚོས་ཅི་ཞིག་བྱེད་དགོས་སམ།

༡   ༽  འབྲེལ་ཐག་སྒང་ལ་མ་མནན་པར། གློག་འཕྲིན་དང་འཕྲིན་ཐུང་དེ་རིགས་ལམ་སེང་གསུབ་དགོས།

༢   ༽ གལ་ཏེ་འབྲེལ་ཐག་དེ་ཁྱེད་རང་གི་ངོ་ཤེས་གྲོགས་པོ་ཞིག་གི་མིང་ཐོག་ནས་འབྱོར་ཚེ། ག་དུས་ཡིན་ཡང་། ཁོང་ལ་དངོས་སུ་ཁ་པར་བཏང་སྟེ། ཁག་ཐེག་བྱེད་དགོས།

༣   ༽ གལ་ཏེ་གློག་ཀླད་བེད་སྤྱོད་བྱེད་ཀྱི་ཡོད་ཚེ། དྲ་ཚིགས་ཤིག་སྒོ་འབྱེད་པའི་སྐབས་སུ། བཤེར་ཆས་ཀྱི་ཁོངས་ནས། ཡིག་ཚོགས་བཀག་འགོག་(阻止程序脚本)བྱེད་སྤྱད་ཀྱི་ཁ་སྣོན་ཡོ་ཆས་དེ་བེད་སྤྱོད་ཐོངས།

༤   ༽  ཁྱེད་རང་གི་མ་ལག་གི་སྟེང་དུ་ནང་འཇུག་བྱས་པའི་བཤེར་ཆས་དང་། ཁ་སྣོན་ཡོ་ཆས། མཉེན་ཆས་དང་བཀོལ་ཆས་སོགས་གསར་སྣོན་བྱེད་དགོས། མཉེན་ཆས་བཟོ་སྐྲུན་བྱེད་མཁན་ཚོས། ཁོང་ཚོའི་ཐོན་རྫས་ཀྱི་སྐྱོན་ཆ་རིགས་དོ་སྣང་བྱུང་ཚེ། འཕྲལ་དུ་དེ་དག་ལེགས་བཅོས་དང་གསར་སྣོན་བྱེད་ཀྱི་ཡོད།

༥   ༽ འབྲེལ་ཐག་དེ་དོན་དངོས་ཐོག ང་ཚོས་གང་མཐོང་བ་དེ་འདྲ་ཡིན་མིན་ཞིབ་ལྟ་བྱོས། འབྲེལ་ཐག་སྒང་ལ་མ་མནན་པར།  ཁྱེད་རང་གི་གློག་ཀླད་ཀྱི་ཙི་ཙིའི་མདའ་མགོ་དེ་འབྲེལ་ཐག་གི་སྟེང་དུ་གཡེངས་སུ་བཅུག་ན། ཁྱེད་རང་འབྲེལ་ཐག་དེས་བསྟན་པའི་དྲྭ་ཚིགས་ངོས་སུ་ཁྲིད་ཀྱི་ཡོད་མེད་ཤེས་ཐུབ། མ་ལག་ཁ་ཤས་ཀྱི་ནང་དུ། འབྲེལ་ཐག་གིས་བསྟན་པའི་དྲྭ་ཚིགས་ཀྱི་ཁ་བྱང་ངོ་མ་དེ་ཁྱེད་ཀྱི་ཙི་ཙིའི་མདའ་མགོའི་རྗེས་ཀྱི་ཡིག་སྒམ་ནང་འཆར་གྱི་ཡོད། དྲྭ་རྒྱའི་ཡིག་ཟམ་གྱི་མ་ལག་མང་ཆེ་བའི་ནང་དུ། དྲྭ་ཚིགས་ཀྱི་ཁ་བྱང་ངོ་མ་དེ་ཁྱེད་ཀྱི་ཧྥ་ཡར་ཧྥོག་སི་དང་། ཁི་རོམ་སོགས་ཁྱེད་ཀྱི་བཤེར་ཆས་ཀྱི་状态栏 ནང་དུ་འཆར་གྱི་ཡོད། འཆར་གྱི་མི་འདུག་ཚེ། འབྲེལ་ཐག་སྒང་ལ་མ་གནོན།

༦   ༽ འབྲེལ་ཐག་དེ་URLQuery.com དྲྭ་ངོས་སུ་ཡར་འཇུག་བྱས་ཏེ། ནད་འབུ་ཡོད་མེད་བརྟག་དཔྱད་བྱེད་ཆོག  (ཉེན་བརྡ། ཉེན་སྲུང་གི་ཞབས་ཞུ་འདིས་མཉེན་འབུ་ཁུར་བའི་འབྲེལ་ཐག་སྤྱི་དང་། ལྷག་པར།  ཁྱེད་ལ་ཆེད་དུ་དམིགས་ནས་བཟོས་པའི་འབྲེལ་ཐག་གསར་པའི་རིགས་ཚང་མ་ངོས་འཛིན་བྱེད་ཐུབ་པའི་ངེས་པ་མེད།

ང་རང་གི་ཡོ་ཆས་ལ་ནད་འབུ་འགོས་ཚར་བ་ཡིན་ན། ཅི་ཞིག་བྱེད་དགོས།

གལ་ཏེ། ངས་མཉེན་འབུ་ཁུར་བའི་འབྲེལ་ཐག་ཅིག་གམ་ཟུར་སྣོན་ཞིག་གི་སྒང་དུ་མནན་ཚར་བ་ཡིན་ན།

  • ཁྱེད་རང་ནང་འཛུལ་བྱེད་སའི་དྲྭ་ངོས་དེའི་ནང་དུ་གཏགས་པའི་སྒེར་གྱི་ཁ་བྱང་གང་རུང་གི་གསང་ཚིག་ལམ་སེང་བརྗེ་དགོས། (དངུལ་ཁང་། ཁུག་དམར། གློག་འཕྲིན་སོགས་ཚུད།)
  • རིམ་པ་གཉིས་ཀྱི་ར་སྤྲོད་ཀྱི་གདམ་ག་དེ་ཡོད་ཚེ། ངེས་པར་དུ་སྒྲིག་བཟོ་བྱེད་དགོས།
  • ཁྱེད་རང་གི་མ་ལག་སྟེང་གི་མཉེན་ཆས་ཚང་མ་ཐོན་གསར་ཤོས་ཀྱི་ཐོག་ཏུ་གསར་སྣོན་བྱས་ཡོད་པའི་ཁག་ཐེག་བྱེད་དགོས།
  • ཁྱེད་རང་གི་ཁ་པར་དང་གློག་ཀླད་སོགས། མགོ་ནས་བསྐྱར་སྒྲིག(重置)་བྱེད་དགོས།

འབྲེལ་ཐག་གི་ཉེན་ཁ་དང་འབྲེལ་བའི་གསར་འགྱུར་ཁག་ཅིག་རྒྱ་ཡིག་ནང་ཀློགས།

不点击不明链接,不随意泄露个人信息

海南交警提醒:小心车辆年检短信诈骗,切勿点击提示链接

手机银行失效? 原来是诈骗短信不明链接不要点击

 

Leave a Reply

Your email address will not be published. Required fields are marked *