སློབ་ཐུན་འདིའི་དམིགས་ཡུལ་ནི། གཞི་རྩའི་ཐོག་ནས་དྲ་རྒྱ་ཟེར་བ་དེ་བརྟན་པོ་མེད་པ་དང་། དྲ་སྟེང་དུ་བརྒྱུད་གཏོང་བྱས་པའི་ཆ་འཕྲིན་ཁག་ལམ་བར་ནས་མི་གཞན་པས་བར་གཅོད་བྱེད་ཐུབ་པ་སྟོན་རྒྱུའི་ཆེད་དུ་ཡིན།
དྲ་སྟེང་དུ་ཆ་འཕྲིན་འཁོར་རྒྱུག་བྱེད་སྟངས། (དྲ་རྒྱ་བཤེར་ཆས་ནས་དྲ་བའི་ཞབས་ཞུ་ཆས་བར་དུ།)
དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་གྱི་མི་མང་པོ་ཞིག་གིས། རང་ཉིད་ཀྱིས་དྲ་སྟེང་དུ་དྲ་ཚིགས་ཤིག་བསྔོག་པའི་སྐབས་སུའམ། མི་གཞན་ཞིག་ལ་ཆ་འཕྲིན་ཞིག་གཏོང་བའི་སྐབས་སུ། དྲ་ཚིགས་དེ་དང་། དྲ་གྲོགས་དེར་ཐད་ཀར་སྦྲེལ་གྱི་ཡོད་སྙམ་གྱི་ཡོད། འོན་ཀྱང་། དོན་དངོས་ཐོག ཁྱེད་ཀྱིས་དྲ་ཚིགས་ཤིག་གི་མིང་གཏགས་ཏེ། འཚོལ་བཤེར་བྱེད་འགོ་ཚུགས་མ་ཐག ཆ་འཕྲིན་རབ་དང་རིམ་པ་ཞིག་མགྱོགས་མྱུར་ངང་ཁྱེད་རང་དང་དྲ་བའི་ནང་གི་གནས་མང་པོ་ཞིག་གི་བར་དུ་བརྗེ་རེས་བྱེད་ཀྱི་ཡོད། དྲ་སྟེང་དུ་བརྒྱུད་གཏོང་བྱས་པའི་ཆ་འཕྲིན་མང་པོ་ཞིག་དྲ་གནས་མང་པོ་ཞིག་གི་ཁོངས་ནས་བརྒྱུད་ཀྱི་ཡོད་སྟབས། དྲ་གནས་མ་འདྲ་བ་རེ་རེ་ནས་བརྒྱུད་གཏོང་བྱས་པའི་ཆ་འཕྲིན་བར་གཅོད་བྱེད་ཐུབ་ཀྱི་ཡོད། དེར་བརྟེན། དྲ་སྟེང་དུ་བཏང་བའི་ཆ་འཕྲིན་ཁག་ལམ་བར་ནས་མི་གཞན་གྱིས་ལས་སླ་པོའི་ཐོག་ནས་བར་གཅོད་བྱེད་ཐུབ་པ་མཁྱེན་དགོས།
དཔེར་ན།
ཁྱེད་ཀྱིས་ www.baidu.com་གཏགས་པའི་སྐབས་སུ། :
ཁྱེད་ཀྱིས་དྲ་རྒྱ་བཤེར་ཆས་ཀྱིས་ཁོངས་མིང་མ་ལག་གི་ཁོངས་ནས་དྲ་ཚིགས་དེའི་IPཁ་བྱང་རེ་སྐུལ་ཞུ་གི་ཡོད།
ཁོངས་མིང་མ་ལག་གིས་དྲ་ཚིགས་ཀྱི་ཁ་བྱང་དེ་IPཁ་བྱང་གི་ངོ་བོར་བསྒྱུར་རྗེས། IPཁ་བྱང་དེ་ཕྱིར་དྲ་རྒྱ་བཤེར་ཆས་ལ་གཏོང་གི་ཡོད།
དྲ་རྒྱ་བཤེར་ཆས་ཀྱིས་IPཁ་བྱང་དེ་བཀོལ་སྤྱོད་བྱས་པའི་ཐོག་ནས། དྲ་བའི་ལམ་སྟོན་ཆས་བརྒྱུད་དེ་དྲ་བའི་ཞབས་ཞུ་ཆས་ཀྱི་ས་གནས་རྩད་གཅོད་བྱེད་ཀྱི་ཡོད།
ཆ་འཕྲིན་དེ་འགྲོ་ཡུལ་ལ་མ་འབྱོར་བའི་བར་དུ། གནས་གཅིག་ནས་གནས་གཞན་ཞིག་ལ་འགྲུལ་བཞུད་བྱེད་ཀྱི་ཡོད།

གསང་རྒྱ་དང་ངོ་བོ་སྦ་གསང་།
དུས་རྒྱུན་མི་ཚོས་ཐ་སྙད་འདི་གཉིས་ཕན་ཚུན་བརྗེ་རེས་ཀྱི་ཐོག་ནས་བཀོལ་སྤྱོད་བྱེད་སྲོལ་ཡོད། གསང་རྒྱ་དང་ངོ་བོ་སྦ་གསང་གཉིས་ཀས་ཕན་ཚུན་ལ་ཁ་གསབ་བྱེད་ཐུབ་མོད། འོན་ཀྱང་། དེ་གཉིས་ཀ་གཅིག་པ་མིན།
ངོ་བོ་སྦ་གསང་།
མི་ཚོས་དྲ་ལམ་དུ་རང་ཉིད་ཀྱི་ངོ་བོ་སྦ་གསང་བྱེད་འདོད་པ་དེར་རྒྱུ་མཚན་སྣ་ཚོགས་ཡོད། བཙན་གནོན་འོག་ཡོད་པའི་མི་ཚོར་མཚོན་ན། དྲ་ཐོག་ཏུ་ངོ་བོ་སྦ་གསང་བྱས་པ་དེས་ཁོང་ཚོར་སྨྲ་བརྗོད་རང་དབང་མཁོ་སྤྲོད་བྱེད་ཐུབ་ཀྱི་ཡོད། ངོ་བོ་སྦ་གསང་བྱས་ཚེ་སྒེར་གྱི་བདེ་འཇགས་འགན་སྲུང་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། དེས་དྲ་བའི་ཞབས་ཞུ་མཁོ་སྤྲོད་མཁན་དང་སྲིད་གཞུང་ལ་ཁྱེད་ཀྱི་དྲ་ཐོག་གི་བྱེད་སྒོར་ཚོད་འཛིན་བྱེད་དུ་མི་འཇུག་ལ། ཁོང་ཚོར་ཁྱེད་ཀྱི་དྲ་ལམ་གྱི་བྱེད་སྒོ་ལ་ཁག་འཇོག་བྱས་ཏེ་ཉེས་འཛུགས་བྱེད་པའི་གོ་སྐབས་ཡང་མི་སྤྲོད།
ངོ་བོ་སྦ་གསང་། ཁྱེད་ཀྱི་ངོ་བོའམ་ཁྱེད་རང་ངོས་འཛིན་བྱེད་ཐུབ་པའི་སྒེར་གྱི་གནས་ཚུལ་རིགས་ཁྱེད་ཀྱིས་འབྲེལ་གཏུག་བྱ་སའི་མི་སྒེར་རམ། ཡང་ན། ཁྱེད་ཀྱིས་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་དྲ་ལམ་གྱི་སྡིངས་ཆའི་ཁོངས་ནས་སྲུང་སྐྱོབ་བྱེད་པ་ཞིག་ལ་ཟེར།
འོན་ཀྱང་། གསང་རྒྱ་ཟེར་དུས། ཁྱེད་ཀྱི་དྲ་སྟེང་གི་བྱེད་སྒོ་དང་གནས་ཚུལ་སྲུང་སྐྱོབ་བྱེད་པ་མ་གཏོགས། ཁྱེད་ཀྱི་ངོ་བོ་ཁྱེད་རང་གིས་འབྲེལ་གཏུག་བྱ་སའི་མི་སྒེར་རམ། ཡང་ན། ཁྱེད་ཀྱིས་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་དྲ་ལམ་གྱི་སྡིངས་ཆའི་ཁོངས་ནས་སྦ་གསང་མི་བྱེད།
མི་སྒེར་གྱི་ངོ་བོ་ངོས་འཛིན་བྱེད་ཐུབ་པའི་ཆ་འཕྲིན།
མི་སྒེར་གྱི་ངོ་བོ་ངོས་འཛིན་བྱེད་ཐུབ་པའི་ཆ་འཕྲིན་ནི། མི་སྒེར་གྱི་ངོ་བོ་ངོས་འཛིན་བྱེད་པར་སྤྱད་ཆོག་པའི་ཆ་འཕྲིན་ལ་ཟེར།
དྲ་སྟེང་དུ་རང་ཉིད་ཀྱི་ངོ་བོ་སྦ་གསང་བྱེད་པར། མི་སྒེར་གྱི་ངོ་བོ་ངོས་འཛིན་བྱེད་ཐུབ་པའི་ཆ་འཕྲིན་གང་དག་ཁྱེད་ཀྱིས་སྲུང་སྐྱོབ་བྱེད་དགོས།
ང་ཚོས་དུས་རྒྱུན་སྤྱོད་བཞིན་པའི་བཀོལ་ཆས་ཁག་དང་དེ་མིན་གྱི་དྲ་སྟེང་གི་ཞབས་ཞུ་མཁོ་འདོན་མཁན་ཚོས་འཛད་སྤྱོད་པའི་གཞི་གྲངས་སྣ་ཚོགས་ཤིག་བསྡུ་ལེན་བྱེད་ཀྱི་ཡོད་ལ། འཛད་སྤྱོད་པར་སྔར་ལས་ལེགས་པའི་ཞབས་ཞུ་མཁོ་སྤྲོད་བྱེད་པའི་ཆེད་དུ། མི་སྒེར་གྱི་ངོ་བོ་ངོས་འཛིན་བྱེད་ཐུབ་པའི་ཆ་འཕྲིན་ཡང་བསྡུ་ལེན་བྱེད་ཀྱི་ཡོད། འོན་ཀྱང་། བཀོལ་ཆས་མང་དག་ཅིག་གིས་ཚོང་གི་ཁེ་བཟང་སྔར་ལས་མང་བ་རག་ཐབས་སུ། མི་སྒེར་གྱི་གནས་ཚུལ་མང་པོ་བསྡུ་ལེན་བྱེད་ཀྱི་ཡོད། མཚམས་རེར། མི་སྒེར་གྱི་ངོ་བོ་ངོས་འཛིན་བྱེད་ཐུབ་པའི་ཆ་འཕྲིན་དེ་དག་སྲིད་གཞུང་གིས་མི་གང་རུང་ལ་ཉེས་ཆད་གཅོད་པའི་སྐབས་སུ་དཔང་རྟགས་སུ་བཀོལ་གྱི་ཡོད།
བཀོལ་ཆས་ཁག་དང་དེ་མིན་གྱི་དྲ་སྟེང་གི་ཞབས་ཞུ་མཁོ་འདོན་མཁན་ཚོས་བསྡུ་ལེན་བྱེད་ཀྱི་ཡོད་པའི་མི་སྒེར་གྱི་ངོ་བོ་ངོས་འཛིན་བྱེད་ཐུབ་པའི་ཆ་འཕྲིན་ཁག་ནི།
འཛད་སྤྱོད་པའི་དངོས་མིང་།
ཁ་པར་ཨང་གྲངས།
ཡིག་ཟམ་ཨང་། རྒྱུན་སྤྱོད་མིང་།
སྡོད་གནས་ཁ་བྱང་།
- IP་ཁ་བྱང་། (ཁྱིམ་གྱི་དྲ་རྒྱ་དང་ཁ་པར་ནང་གི་དྲ་རྒྱ་བཀོལ་སྤྱོད་བྱེད་སྐབས།)
- འདྲ་པར།
- དངུལ་ཁང་གི་བྱང་བུ་དང་།་དངུལ་ཁང་གི་གནས་ཚུལ་སོགས་ཡིན།
ཁྲོར་ལྟ་བུའི་ཁྱེད་ཀྱི་ངོ་བོ་སྦ་གསང་བྱེད་མཁན་གྱི་ཡོ་ཆས་བཀོལ་སྤྱོད་བྱེད་པ་དང་། ཆབས་ཅིག་རང་ཉིད་ཀྱི་ཁ་པར་ནང་དུ་ཕབ་ལེན་བྱས་པའི་བཀོལ་ཆས་རེ་རེའི་ནང་དུ་ཞིབ་ལྟ་བྱས་ཏེ། བཀོལ་ཆས་དེ་དག་ལ་ཆོག་མཆན་གང་དག་སྤྲད་ཡོད་མེད་ལྟ་ཞིབ་དང་དོ་དམ་བྱེད་དགོས།
ངོ་བོ་སྦ་གསང་བྱེད་ཐབས་ཀྱི་ལམ་ཁ།
ཁྱེད་ཀྱིས་བཀོལ་ཆས་གང་རུང་ཞིག་བཀོལ་སྤྱོད་བྱེད་པའི་ཆེད་དུ་དང་ཐོག་ཐོ་འགོད་བྱེད་སྐབས། ངོ་བོ་ར་སྤྲོད་བྱེད་པའི་ཆེད་དུ་སོ་སོའི་ཁ་པར་ཨང་གྲངས་དང་ཡིག་ཟམ་ཨང་གྲངས་སྤྲོད་དགོས་ལ། མཚམས་རེར་རང་ཉིད་ཀྱི་ཁ་པར་དང་སྦྲེལ་ཡོད་པའི་སྐད་འཕྲིན་ཨང་གྲངས། QQ བརྒྱུད་ནས་བཀོལ་ཆས་དེའི་ནང་དུ་འཛུལ་ཆོག
དཔེར་ན། སྐད་འཕྲིན་གྱི་ཞབས་ཞུ་ཁག་བཀོལ་སྤྱོད་བྱེད་པར། སྐད་འཕྲིན་གྱི་ཨང་གྲངས་ཞིག་བཟོས་དགོས་ལ། སྐད་འཕྲིན་ཨང་གྲངས་ཤིག་བཟོ་དུས། བཀོལ་ཆས་དེས་ཁྱེད་ཀྱི་ངོ་བོ་ར་སྤྲོད་བྱེད་པའི་ཆེད་དུ་ཁ་པར་ཨང་གྲངས་བསྡུ་ལེན་བྱེད་ཀྱི་ཡོད། དེ་བས། ཁྱེད་ཀྱིས་སྐད་འཕྲིན་བརྒྱུད་ནས་རྣོ་ངར་ལྡན་པའི་ཆ་འཕྲིན་བརྗེ་ལེན་བྱས་ཚེ། ཁྱེད་ཀྱི་ཨང་གྲངས་དང་སྐད་འཕྲིན་གཉིས་སྦྲེལ་ཡོད་སྟབས། ཁོང་ཚོས་ལས་སླ་པོའི་ཐོག་ནས་ཁྱེད་རང་ངོས་འཛིན་བྱེད་ཐུབ་པས། ནག་ཉེས་ཕོག་སྲིད་པར་ཐེ་ཚོམ་མེད།
སྐྱེལ་འདྲེན་ཁྲོད་ཀྱི་ཆ་འཕྲིན།
གནས་གཅིག་ནས་གཏང་ཡུལ་ལ་མ་འབྱོར་བའི་བར་དུ་དྲ་སྟེང་ནས་འགྲུལ་བཞུད་བྱེད་པའི་གནས་སྐབས་ཀྱི་ཆ་འཕྲིན་དེར་སྐྱེལ་འདྲེན་ཁྲོད་ཀྱི་ཆ་འཕྲིན་ཟེར།
ཆ་འཕྲིན་ཁག་སྐྱེལ་འདྲེན་གྱི་གནས་སྐབས་སུ་ཡོད་དུས་ཀྱི་ངོ་བོ་སྦ་གསང་།
ཁྱེད་ཀྱིས་དྲ་སྟེང་དུ་གནས་ཚུལ་ལྟ་ཀློག་བྱེད་སྐབས། ཁྱེད་ཀྱི་དྲ་བའི་འགྲུལ་བཞུད་ལ་ཚོད་འཛིན་བྱེད་ཐུབ་མཁན་གྱི་མི་སྒེར་དང་། དྲ་བའི་ཞབས་ཞུ་མཁོ་སྤྲོད་མཁན་དང་། སྲིད་གཞུང་གི་འགོ་ཁྲིད་མི་སྣ་སོགས་ཀྱིས་དྲ་སྟེང་གི་གནས་ཚུལ་ལྟ་ཀློག་བྱེད་མཁན་དེ་ཁྱེད་རང་ཡིན་པ་ངོས་འཛིན་བྱེད་མི་ཐུབ་པ་ཟེར།
ཁྱེད་ཀྱི་ངོ་བོ་སྦ་གསང་བྱེད་མཁན་གྱི་བཀོལ་ཆས་བཀོལ་སྤྱོད་བྱེད་པར་ཁྱེད་ཀྱི་ངོ་བོ་ར་སྤྲོད་བྱེད་མི་དགོས། བཀོལ་ཆས་ཤིག་གིས་ཁྱེད་རང་སྐོར་གྱི་གནས་ཚུལ་གང་ཡང་བསྡུ་ལེན་བྱེད་ཀྱི་མེད་ཚེ། དེས་འཛད་སྤྱོད་པའི་ངོ་བོ་སྦ་གསང་བྱེད་ཀྱི་ཡོད་པ་མཚོན།
| དཔེ་མཚོན། དཔེར་ན། མཚམས་རེར། སྲིད་གཞུང་གི་གསང་མྱུལ་འོག་ཚུད་མ་བཅུག་པར་སོ་སོའི་ངོ་བོ་སྲུང་སྐྱོབ་བྱས་ཏེ། ཆ་འཕྲིན་གཏོང་ལེན་བྱེད་པར་ངོ་བོ་སྦ་གསང་བྱེད་དགོས་ཆགས་ཀྱི་ཡོད། ངོ་བོ་སྦ་གསང་བྱས་ཚེ། སྲིད་གཞུང་གིས་ཁྱེད་རང་དང་ཁྱེད་ཀྱིས་བརྒྱུད་གཏོང་བྱས་པའི་ཆ་འཕྲིན་གཉིས་ཀ་ཕན་ཚུན་ལ་འབྲེལ་བ་ཡོད་པ་སྒྲུབ་མི་ནུས། |
ཁྲོར་ནི་ཁྱེད་ཀྱི་ངོ་བོ་སྦ་གསང་བྱེད་པར་མཁོ་བའི་ནུས་ལྡན་གྱི་མཉེན་ཆས་ཤིག་ཡིན། གང་ཡིན་ཞེ་ན། མཉེན་ཆས་དེས་ཁྱེད་ཀྱི་དྲ་སྦྲེལ་གྱི་ལམ་ཁ་དེ་གང་འདོད་ལྟར་འདེམས་སྒྲུག་བྱས་པའི་མཐུད་རྒྱུག་གི་ཞབས་ཞུ་ཆས་སྣ་ཚོགས་བརྒྱུད་ནས་བཟོ་གི་ཡོད། དེའི་རྒྱུ་མཚན་གྱིས། དབང་འཛིན་མི་སྣས་ཆ་འཕྲིན་གྱི་ཡོངས་ཁུངས་དང་བརྒྱུད་གཏོང་བྱ་སའི་གནས་གང་ཡིན་ངོས་འཛིན་ཁ་གསལ་བྱེད་མི་ཐུབ། ཁྱེད་ཀྱིས་དམ་བསྒྲགས་ཆེ་བའི་རྒྱལ་ཁབ་ཞིག་གི་ནང་དུ་རྣོ་ངར་ལྡན་པའི་ཆ་འཕྲིན་ལྟ་ཀློག་བྱེད་དགོས་ཚེ། ཁྲོར་མཉེན་ཆས་བཀོལ་སྤྱོད་བྱས་ན། ཆ་འཕྲིན་སྣ་ཚོགས་ལ་ལྟ་ཀློག་བྱེད་པ་དང་དུས་མཚུངས་སུ་རང་ཉིད་ཀྱི་ངོ་བོ་སྦ་གསང་བྱེད་ཐུབ།
འདུ་འཛོམས།:
གལ་ཏེ། ཁྱེད་ཀྱི་བསམ་ཚུལ་དང་འཆར་སྒོ་གང་ཡོད་མི་གཞན་ལ་བཤད་འདོད་པའམ། མི་གཞན་གྱི་བསམ་ཚུལ་ལ་ཉན་འདོད་ཡོད་ཚེ། འདི་ནི་འོས་ཤིང་འཚམ་པའི་སྡིངས་ཆ་ཞིག་ཡིན། སྡིངས་ཆ་འདིས་བསམ་ཚུལ་བརྗེ་ལེན་དང་། བྱ་འགུལ་བཀོད་སྒྲིག་ལ་སོགས་པའི་ཆེད་དུ། རང་ཉིད་ལ་དབང་བའི་བར་སྟོང་ཞིག་བསྐྲུན་དུ་འཇུག་གི་ཡོད།
འོན་ཀྱང་། སྡིངས་ཆ་དེ་ནི་དྲ་རྒྱ་བཤེར་ཆས་ཀྱི་ནང་དུ་སྤྱོད་དགོས་པ་ཞིག་ཡིན་པས། དེའི་ནང་དུ་མ་ཞུགས་པའི་སྔོན་དུ། ཁྱེད་ཀྱིས་བདེ་འཇགས་ཡོད་པའི་དྲ་རྒྱ་བཤེར་ཆས་ཤིག་སྤྱོད་རྒྱུ་གལ་ཆེ། བཤེར་ཆས་མང་པོ་ཞིག་གིས་མི་སྒེར་གྱི་གཞི་གྲངས་སྣ་ཚོགས་བསྡུ་རུབ་བྱེད་ཀྱི་ཡོད་པས། བདེ་འཇགས་མེད་པའི་དྲ་རྒྱ་བཤེར་ཆས་བཀོལ་ན། དེས་ཁྱེད་ལ་ཉེན་ཁ་བཟོ་སྲིད་ཀྱི་ཡོད། གཤམ་གྱི་དྲ་རྒྱ་བཤེར་ཆས་ཁག་གི་ནང་ནས་གང་རུང་ཞིག་ནང་འཇུག་བྱེད་རོགས། དེ་མ་ཟད། དེ་དག་བདེ་འཇགས་ངང་ཇི་ལྟར་སྤྱོད་དགོས་མིན་གྱི་ལམ་སྟོན་ལ་གཟིགས་རོགས།
ཀུ་ཤུ་ཁ་པར་བཀོལ་སྤྱོད་བྱེད་མཁན།( Safari དྲ་རྒྱ་བཤེར་ཆས།)
གལ་ཏེ། ཁྱེད་ཀྱིས་ཨན་ཌོ་ཁ་པར་བཀོལ་གྱི་ཡོད་ཚེ། རྒྱ་ནང་ནས་བཟོས་པའི་རྟོག་བཟོས་མི་སྒེར་དྲ་བའམ(VPN)་ཨོར་བྷོར་ལྟ་བུ་བརྒྱུད་ནས་དྲ་སྦྲེལ་བྱས་ན། དེས་ཁྱེད་ལ་བདེ་འཇགས་ཀྱི་རིམ་པ་འཕར་མ་ཁ་སྣོན་བྱེད་ཐུབ།