Bitwarden བཀོལ་ཆས།

Bitwarden ནི་བདེ་འཇགས་ཡོད་པའི་དྲ་ཐོག་གི་ཐོ་ཁོངས་ཁག་གི་གསང་གྲངས་དོ་དམ་བྱེད་སྤྱད་ཀྱི་ཡོ་བྱད་ཅིག་ཡིན་ལ། ཁྱེད་ཀྱིས་སོ་སོའི་དྲ་སྟེང་གི་གསང་གྲངས་ཁག་གསང་སྡོམ་བྱས་པའི་Bitwarden་མཛོད་ཁོངས་སུ་ཉར་ཚགས་བྱེད་ཆོག  མ་ལག་འདི་ཁ་པར་དང་རྩིས་འཕྲུལ་གཉིས་ཀའི་ནང་དུ་སྟབས་བདེའི་ངང་བཀོལ་སྤྱོད་བྱེད་ཆོག

ང་ཚོས་ནམ་རྒྱུན་དྲ་སྟེང་གི་སྡིངས་ཆ་འདྲ་མིན་གྱི་ཐོག་ཏུ་ཐོ་འགོད་བྱེད་སྐབས། མིང་དང་གསང་གྲངས་རེ་གཏགས་དགོས་ལ། མི་མང་པོ་ཞིག་གིས་དྲ་སྟེང་གི་ཐོ་ཁོངས་རེ་ལ་གསང་གྲངས་རེ་བཟོས་ཚེ། ཡིད་ལ་འཛིན་ཐུབ་ཀྱི་མེད་སྟབས། རང་ལ་སྟབས་བདེ་ཡོང་བའི་ཆེད་དུ།  དྲ་ལམ་གྱི་སྡིངས་ཆ་ཚང་མའི་སྟེང་དུ་གསང་གྲངས་གཅིག་ཁོ་ན་བཀོལ་སྤྱོད་བྱེད་སྲོལ་ཡོད། དྲ་ལམ་གྱི་གཤིས་སྤྱོད་དེ་ནི་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་ཡིན། གང་ཡིན་ཞེ་ན། གལ་ཏེ། དྲ་ཇག་ཅིག་གིས་ཁྱེད་ཀྱི་གསང་གྲངས་ཧ་གོ་ཚེ། ཁོས་ཁྱེད་ཀྱི་དྲ་ལམ་གྱི་སྡིངས་ཆ་ཚང་མའི་སྟེང་དུ་ཁྱེད་ལ་བརྫུས་ཏེ། ཉེན་ཚབས་ཆེ་བའི་བྱེད་སྒོ་སྣ་ཚོགས་པ་ཞིག་རྩོམ་ཐུབ་ཀྱི་ཡོད།

དེ་བས། དྲ་སྟེང་གི་སྡིངས་ཆ་ཚང་མའི་གསང་གྲངས་གཅིག་ཁོ་ན་བཟོ་མི་རུང་། 

གསང་གྲངས་བཟོ་སྐབས་གཞན་གྱིས་ཚོད་དཔག་བྱེད་མི་ཐུབ་པ་ཞིག་བཟོ་དགོས་པ་མ་ཟད། གསང་གྲངས་དེ་དྲ་ལམ་སྡིངས་ཆ་གཞན་པའི་སྟེང་དུ་ནམ་ཡང་བཀོལ་སྤྱོད་བྱེད་མི་རུང་། དྲ་ལམ་གྱི་སྡིངས་ཆ་གཞན་ཞིག་གི་ཐོག་ཏུ་ཐོ་འགོད་བྱེད་སྐབས། གསང་གྲངས་གཞན་པ་ཞིག་གསར་དུ་བཟོ་དགོས། 

དྲ་ལམ་གྱི་སྡིངས་ཆ་རེ་རེའི་སྟེང་དུ་གསང་གྲངས་མི་འདྲ་བ་རེ་བཟོས་ཚེ། དེ་དག་ཡིད་ལ་དྲན་ཐུབ་རྒྱུ་ཧ་ཅང་དཀའ་རུང་། Bitwarden གྱི་མ་ལག་འདིས་AES-256 གསང་སྡོམ་གྱི་ནུས་པ་སྤྱད་དེ། ཁྱེད་ཀྱིས་བཟོས་པའི་གསང་གྲངས་དེ་དག་ཁྱེད་ལ་བདེ་འཇགས་ཀྱི་ཐོག་ནས་ཉར་ཚགས་བྱེད་པར་རོགས་པ་བྱེད་ངེས། 

གལ་ཆེ་ཤོས་ནི། Bitwarden གྱི་དྲ་བའི་ཞབས་ཞུ་ཆས་ཀྱི་ནང་དུ་མི་སྒེར་གྱི་ཆ་འཕྲིན་ཏེ། ཁྱེད་ཀྱི་ཐོ་འགོད་ཡིག་ཟམ་ཨང་དང་གསང་གྲངས་གང་ཡང་ཉར་ཚགས་མི་བྱེད་པས། Bitwarden་བཟོ་ཚོང་ཁང་གི་ལས་བྱེད་སུ་ལའང་ཁྱེད་ཀྱི་གསང་གྲངས་རག་ཐབས་མེད་པ་མ་ཟད། མ་ལག་འདིའི་སྟེང་དུ་ཁྱེད་ཀྱིས་ཉར་ཚགས་བྱས་ཡོད་པའི་གསང་གྲངས་ཡོད་དོ་ཅོག་གསང་སྡོམ་བྱས་ཡོད་སྟབས། བདེ་འཇགས་ངོས་ཐད་ནས། ཁྱེད་ཀྱིས་མ་ལག་འདི་ལ་ཡིད་ཆེས་བྱེད་ཆོག་པ་ཞིག་ཡིན། 

གསལ་བཤད། མ་ལག་གང་ལའང་བདེ་འཇགས་ཀྱི་ཚད་གཞི 100%་ནམ་ཡང་ཡོད་མི་སྲིད་རུང་། དྲ་ཇག་ཅིག་གིས་ཁྱེད་ཀྱི་Bitwarden་གསང་གྲངས་བརྐུ་རྩིས་བྱས་རུང་། རིམ་པ་གཉིས་ཀྱི་ངོ་བོ་བདེན་དཔང་གྱི་ཁྱད་ཆོས་དེ་ནུས་ཡོད་བཟོས་ཡོད་ཚེ། དྲ་ཇག་དེ་ཁྱེད་ཀྱི་Bitwarden་ཐོ་ཁོངས་སུ་འཛུལ་བར། Bitwarden་གསང་གྲངས་གཅིག་པུས་མི་ཆོག་པར། ངོ་བོ་བདེན་དཔང་གི་གསང་ཨང་དེའང་དགོས་ཀྱི་ཡོད་སྟབས། དེ་ནི་ཧ་ལམ་ཡོང་ཐབས་མེད་པ་ཞིག་ཡིན། 

ཀུ་ཤུ་ཁ་པར་གྱི་ནང་དུ་སྤྱོད་སྟངས། 

1. ཀུ་ཤུ་བིམ་མཛོད་ཁ་ཕྱེ།

2. bitwarden ཞེས་གཏགས་ཏེ། ཕབ་ལེན་བྱོས།

3. གདོང་རིས་དང་མཛུབ་རིས་གང་རུང་སྤྱད་དེ་ཕབ་ལེན་འགོ་ཚུགས།

4. ཕབ་ལེན་གྲུབ་ན། ཁ་ཕྱེ་ཐོག་ཏུ་ནོན།

5. ཐོ་འགོད་(创建账户)བྱེད་དགོས།

6. འདི་དག་གི་ནང་དུ་རིམ་པ་བཞིན་དུ། རང་ཉིད་ཀྱི་ཡིག་ཟམ་ཨང་དང་། གསང་གྲངས་ཐེངས་གཉིས་ལ་གཏགས་དགོས། དེ་ནས བཀོལ་སྤྱོད་ཀྱི་གསང་རྒྱའི་སྲིད་ཇུས་ངོས་ལེན་བྱེད་དགོས། མཐའ་མར་ཡར་ཞུ་བྱེད་དགོས།

7. ད་ལྟ། ཁྱེད་ཀྱིས Bitwarden་མ་ལག་འདིའི་སྟེང་དུ་ཐོ་འགོད་བྱས་ཚར་བ་རེད། ད་ནི། མ་ལག་འདིའི་སྟེང་དུ་རང་ཉིད་ཀྱི་དྲ་སྟེང་གི་ཐོ་ཁོངས་ཡོངས་རྫོགས་ཀྱི་གསང་གྲངས་ཉར་ཚགས་བྱེད་ཆོག  དེ་དག་ཉར་ཚགས་བྱེད་པར་འཆར་ངོས་ཀྱི་སྣོན་རྟགས་འདིའི་ཐོག་ཏུ་ནོན།

8. ཡིག་སྒམ་འདི་དག་གི་ནང་དུ་ཐོ་ཁོངས་གང་རུང་གི་མིང་དང་གསང་གྲངས་སོགས་གཏགས་རྗེས། ཉར་ཚགས་(保存)ཀྱི་ཐོག་ཏུ་ནོན།

འདིའི་ནང་དུ་རང་ཉིད་ཀྱི་གསང་གྲངས་གང་ཡོད་ཆ་ཚང་བདེ་འཇགས་ངང་ཉར་ཚགས་བྱེད་ཐུབ་པས། གསང་གྲངས་བརྗེད་རུང་། སེམས་འཚབ་བྱེད་མི་དགོས།

གསལ་བཤད། ཨན་ཌོ་ཁ་པར་ནང་དུའང་གོང་གི་གོ་རིམ་གཅིག་མཚུངས་ལྟར། མ་ལག་འདི་ཕབ་ལེན་དང་བཀོལ་སྤྱོད་བྱེད་ཐུབ་པ་ཡིན་ནོ།།