ཐེངས་སྔོན་མའི་རྩོམ་ཡིག་གི་ནང་དུ། ཀུ་ཤུ་ཁ་པར་སྐོར་གྱི་གནས་ཚུལ་ཁག་ཅིག་གི་སྐོར་ལ་གླེང་སློང་བྱས་ཡོད་ལ། དྲ་གྲོགས་མང་པོ་ཞིག་གིས་དེའི་སྐོར་ལ་རྒྱུས་ལོན་ཡག་པོ་བྱས་ཡོད་པའི་རེ་བ་ཡོད།
བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཁྱབ་ཆེ་ཤོས་ཀྱི་ཁ་པར་ནི་ཀུ་ཤུ་ཡིན་རུང་། མི་སྒེར་སོ་སོའི་དཔལ་འབྱོར་གྱི་གནས་བབ་དབང་གིས་ཚང་མས་ཀུ་ཤུ་ཁ་པར་ཉོ་ཐུབ་ཀྱི་ཡོད་མ་རེད།
དེ་བས། ཐེངས་འདིར་ངས་ཨན་ཌོ་ཁ་པར་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་གི་སྐོར་ལའང་གླེང་སློང་བྱེད་འདོད།
དང་པོ། ཨན་ཌོ་མ་ལག་འཆར་འགོད་དང་བཟོ་སྐྲུན་བྱེད་མཁན་སུ་རེད།
དང་ཐོག་ཨན་ཌོ་མ་ལག་ནི་ཨན་ཌོ་བཟོ་ལས་ཁང་(Android Inc.)གིས་བཟོས་རུང་། སྤྱི་ལོ་༢༠༠༥་ནས་བཟུང་། ཨ་རིའི་འཕྲུལ་རིག་བཟོ་ལས་ཁང་ཆེ་ཤོས་གྷོ་གྷིལ་(Google 谷歌)བཟོ་ཚོང་ཁང་གིས་བདག་བཟུང་བྱས་ཡོད་ལ། མ་ལག་དེ་ད་ཆ་འཛམ་གླིང་གི་ཨན་ཌོ་ཁ་པར་དུང་ཕྱུར་༣༠་ལྷག་གི་ནང་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད།
གཉིས་པ། ཨན་ཌོ་ཁ་པར་བཟོ་སྐྲུན་ལྟེ་གནས་གང་དུ་ཡོད།
འཛམ་གླིང་ནང་གི་ཨན་ཌོ་ཁ་པར་གྱི་ཚོང་རྟགས་ཕལ་ཆེ་བ་རྒྱལ་ནང་ནས་ཐོན་གྱི་ཡོད་དེ། དཔེར་ན། ཨོ་ཕོ་(OPPO)དང་། ཝེ་ཝོ།(VIVO) ཧྭ་ཝེ།(华为) ཡིས་ཅཱ།(一加) ཞའོ་མིས(小米)་སོགས་རྒྱལ་ནང་ནས་བཟོས་ནས་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་ནང་དུ་ཕྱིར་ཚོང་བྱེད་ཀྱི་ཡོད། ཕྱི་རྒྱལ་ནས་བཟོས་པའི་ཨན་ཌོ་ཁ་པར་གྲགས་ཆེ་ཤོས་གཅིག་པུ་ནི་སེམས་སོང(Samsung 三星)་ཁ་པར་ཡིན། ཁ་པར་དེ་ནི་ལྷོ་ཀོ་རི་ཡ་ནས་བཟོས་པ་ཡིན་ལ། སེམས་སོང་ཁ་པར་གཅིག་པུས་འཛམ་གླིང་གི་ཨན་ཌོ་ཁ་པར་ཡོངས་རྫོགས་ཀྱི་ཁྲོམ་རའི་བརྒྱ་ཆ་༣༠་ལྷག་བཟུང་ཡོད་དེས། ཁ་པར་འདིས་ནུས་པ་དང་ཤུགས་རྐྱེན་མཚོན་གྱི་ཡོད། མདོར་དེད་ནས་བཤད་ན། འཛམ་གླིང་གི་ཨན་ཌོ་ཁ་པར་གྱི་བཟོ་གྲྭ་ཡོངས་རྫོགས་རྒྱ་ནག་དང་ཀོ་རི་ཡ་གཉིས་ཀས་བཟུང་ཡོད།
གསུམ་པ། ཨན་ཌོ་ཟེར་ན་ག་རེ་རེད།
ཨན་ཌོ་ནི་ཨན་ཌོ་ཁ་པར་ཁག་གི་ནང་དུ་བཅུག་ཡོད་པའི་མཉེན་ཆས་ལྟེ་བའམ་ཉེར་སྤྱོད་མ་ལག་དེ་ཡིན། ཨན་ཌོ་མ་ལག་དེ་ཁ་པར་ནང་དུ་མེད་ཚེ། ཁ་པར་ནི་ཤེལ་དང་ལྕགས་ཀྱི་གྲུབ་པའི་སྲ་གཟུགས་ཤིག་ལས་སྤྱོད་སྒོ་གང་ཡང་མེད། ཨོ་ཕོ་དང་། ཝེ་ཝོ། ཧྭ་ཝེ། ཡིས་ཅཱ། ཞའོ་མིས། སེམས་སོང་སོགས་ཚང་མའི་ནང་དུ་ཨན་ཌོ་མ་ལག་བཀོལ་གྱི་ཡོད་པ་འདྲ་འདྲ་ཡིན་རུང་། ཨན་ཌོ་མ་ལག་ནི་ཁུངས་འབྱེད་མཉེན་ཆས་ཤིག་ཡིན་པས། ཁ་པར་གྱི་ཚོང་རྟགས་འདྲ་མིན་འདོན་མཁན་གྱི་བཟོ་ལས་ཁང་ཁག་གིས་རང་གི་དགོས་མཁོ་ལྟར་ཨན་ཌོ་མ་ལག་གི་སྒྲོམ་གཞི་དེའི་སྟེང་དུ་འགྱུར་བ་ཕྲན་བུ་རེ་གཏོང་ཆོག་གི་ཡོད་པས། ཁ་པར་དེ་དག་གི་བར་ལ་ཁྱད་པར་ཆེན་པོ་ཡོད།
གནས་ཚུལ་ཁ་སྣོན། ཧྭ་ཝེ་བཟོ་ཚོང་ཁང་གིས་ཨ་རིའི་བཟོ་ཚོང་ཁང་ཁག་ལ་འགྲན་རྩོད་དང་ཁ་གཏད་གཅོག་པའི་ཆེད་དུ། ཧྭ་ཝེ་ཁ་པར་ནང་གི་ཨན་ཌོ་ཉེར་སྤྱོད་མ་ལག་ཕར་གཡུག་སྟེ། དེའི་ཚབ་ཏུ་འཆམ་མཐུན་ཉེར་སྤྱོད་མ་ལག་(HarmonyOS 鸿蒙系统)ཚོད་ལྟ་དང་ལེགས་བཅོས་བྱེད་ཀྱི་ཡོད་ལ། གཅིག་བྱས་ན། མི་འགྱངས་བར་རྒྱལ་ནང་གི་ཁ་པར་ཚོང་རྟགས་གཞན་ཁག་གི་ནང་དུའང་ཧྭ་ཝེས་བཟོས་པའི་འཆམ་མཐུན་ཉེར་སྤྱོད་མ་ལག་བཀོལ་དགོས་པའི་རེ་འདུན་འདོན་སྲིད། དེ་མ་ཟད། ཞའོ་མིས་བཟོ་ལས་ཁང་གིས་ཀྱང་ཉེར་སྤྱོད་མ་ལག་ཅིག་གསར་གཏོད་གནང་གི་ཡོད་པའི་གནས་ཚུལ་ཡང་དྲ་ལམ་ན་མཐོང་རྒྱུ་ཡོད། གང་ལྟར། ཨོ་ཕོ་དང་། ཞའོ་མིས། ཝེ་ཝོ། ཡིས་ཅཱ་སོགས་ཀྱི་ཐོག་ཏུ་སྲིད་གཞུང་དང་མང་ཚོགས་ཀྱི་ཕྱོགས་ནས་རྒྱལ་ནང་གི་ཐོན་རྫས་བཀོལ་དགོས་པའི་གནོན་ཤུགས་ཆེན་པོ་སླེབས་ཚེ། ཧྭ་ཝེའི་རྒྱལ་ནང་གི་ཁྲོམ་ར་ཆེ་རུ་འགྲོ་ངེས་ལ། དུས་མཚུངས་སུ། རྒྱལ་ནང་གི་ཨ་རིའི་ཨན་ཌོ་མ་ལག་གི་ཁྲོམ་ར་ཆུང་དུ་ཕྱིན་ཏེ་གྷོ་གྷིལ་བཟོ་ཚོང་ཁང་ལ་དཔལ་འབྱོར་ངོས་ཐད་ནས་གྱོང་གུད་ཆེན་པོ་ཕོག་སྲིད།
བཞི་པ། རྒྱལ་ཁབ་ཕྱི་ནང་གི་ཨན་ཌོ་ཁ་པར་གྱི་བར་ལ་ཁྱད་པར་ཡོད་དམ།
༡༽ ཨོ་ཕོ་དང་། ཞའོ་མིས། ཝེ་ཝོ་སོགས་རྒྱལ་ནང་གི་ཨན་ཌོ་ཁ་པར་ཁག་གི་ནང་དུ། ཉུང་མཐར་ཡང་བཀོལ་ཆས་(APP)༥༠་ནས་༨༠་ཙམ་ཞིག་དང་ཐོག་ནས་ནང་འཇུག་བྱས་ཡོད་པ་དེ་དག་མང་ཆེ་བ་ཞིག་ལ་སྤྱོད་སྒོ་དེ་ཙམ་མེད། དེ་དག་གིས་ཁ་པར་གྱི་གློག་དང་། གསོག་བྱང་མགྱོགས་པོ་རྫོགས་ཏུ་འཇུག་གི་ཡོད་རུང་། འཛད་སྤྱོད་པས་དེ་དག་རང་ཉིད་ཀྱི་ཁ་པར་ནང་ནས་ཕྱིར་འདོན་བྱེད་མི་ཐུབ་པ་བཟོས་ཡོད་པ་དེ་ནི་རྒྱལ་ཁབ་ཕྱི་ནང་གི་ཨན་ཌོ་ཁ་པར་གྱི་ཁྱད་པར་གཙོ་བོ་དེ་ཆགས་ཡོད།
༢༽ཁ་པར་གྱི་ནང་དུ་བཀོལ་ཆས་སམ་མཉེན་ཆས་ཀྱི་གྲངས་ཀ་ཇི་ཙམ་གྱིས་མང་ན། དྲ་ཐོག་གི་འཇབ་རྒོལ་པས་གནོད་པ་ཕོག་པའི་ཉེན་ཁ་དེ་ཙམ་གྱིས་ཆེ་བ་ཡོད་སྟབས། རང་ངོས་ནས་ནང་འཇུག་མ་བྱས་པའི་བཀོལ་ཆས་མང་པོ་ཞིག་ཨན་ཌོ་ཁ་པར་ཉོ་བའི་གནས་སྐབས་ནས་བཟུང་། ཁ་པར་གྱི་ནང་དུ་བླུགས་ཡོད་པ་དེ་དག་བདེ་འཇགས་ཀྱི་ངོས་ཐད་ནས་གླེང་ན། ཉེན་ཁ་ཞིག་ཆགས་ཀྱི་ཡོད།
༣༽དང་ཐོག་ནས་ནང་འཇུག་བྱས་ཡོད་པའི་བཀོལ་ཆས་དེ་དག་གིས་ཁ་པར་གྱི་པར་ཆས་དང་། གསོག་བྱང་། སྐད་སྦུག་སོགས་སྤྱོད་ཆོག་པའི་ཆོག་མཆན་དང་དབང་ཚད་ལེན་གྱི་ཡོད་པ་མ་ཟད། མི་སྒེར་གྱི་སྡོད་གནས་གང་ཡིན་ཤེས་ཆོག་པའི་དབང་ཚད་ཀྱང་ལེན་གྱི་ཡོད་སྟབས། མཐའ་གཅིག་ཏུ་ཁ་ཚོན་བཅད་ནས་སྨྲ་མི་ནུས་རུང་། བཀོལ་ཆས་ཀྱི་ཆོག་མཆན་དེ་དག་བརྒྱུད་ནས་མི་སྒེར་གྱི་གསང་བ་དང་བདེ་འཇགས་ལ་དོ་ཕོག་བཟོ་སྲིད་ཀྱི་ཡོད།
༤ ༽དང་ཐོག་ནས་ནང་འཇུག་བྱས་ཡོད་པའི་བཀོལ་ཆས་དེ་དག་གིས་མི་སྒེར་གྱི་གསང་བའི་གནས་ཚུལ་ལྐོག་ནས་བསྡུ་ལེན་བྱས་ཏེ། དྲ་བའི་ཞབས་ཞུ་ཆས་(服务器)དང་དེ་མིན་གྱི་ཕྱོགས་གསུམ་པར་ཡང་བརྒྱུད་གཏོང་བྱེད་ཀྱི་ཡོད་སྲིད།
དཔེ་མཚོན་གྱི་ལམ་ནས་གསལ་འགྲེལ་བྱས་ན། ཨོ་ཕོ་དང་།ཝེ་ཝོ། ཞའོ་མིས་གསུམ་ཀའི་ནང་དུ་ཡོད་པའི་རྩིས་རྒྱག་འཕྲུལ་ཆས་(计算机)ཀྱི་བཀོལ་ཆས་ལ་ཆ་མཚོན་ན།
- ཝེ་ཝོ་ཁ་པར་གྱི་ནང་གི་རྩིས་རྒྱག་འཕྲུལ་ཆས་དེས་ཆོག་མཆན་གང་ཡང་ཞུ་གི་མི་འདུག་ལ།
- ཞའོ་མིས་ཁ་པར་ནང་གི་རྩིས་རྒྱག་འཕྲུལ་ཆས་ལ་ཁྱེད་ཀྱི་སྡོད་གནས་ཤེས་ཆོག་པའི་ཆོག་མཆན་འདུག
- དེ་བཞིན་ཨོ་ཕོ་ཁ་པར་ནང་དུ། རྩིས་རྒྱག་འཕྲུལ་ཆས་དེས་ཁྱེད་ཀྱི་ཁ་པར་ནང་གི་འཕྲིན་ཐུང་ཀློག་ཆོག་པ་དང་གཏོང་ཆོག་པའི་ཆོག་མཆན་འདུག
སྤྱིར་རྩིས་རྒྱག་འཕྲུལ་ཆས་ཤིག་ལ་རྩིས་རྒྱག་པའི་ལས་ཀ་མ་གཏོགས་མེད་པས། དེ་མིན་གྱི་ཆོག་མཆན་མང་པོ་ཡོད་ཚེ། དེ་ནི་དོགས་གཞི་ཅན་ཞིག་ལ་ངོས་འཛིན་བྱས་ན་མ་འགྲིག་པ་ཆེར་མེད། རྩིས་རྒྱག་འཕྲུལ་ཆས་ཀྱི་མཉེན་ཆས་གཅིག་པུའི་སྟེང་ནས་ང་ཚོས་ཤེས་པའི་གནད་དོན་ཞིག་ནི། མཉེན་ཆས་གཅིག་ཡིན་ཡང་། ཁ་པར་མི་འདྲ་བ་རེ་རེའི་ནང་གི་མཉེན་ཆས་དེའི་ལེན་བཞིན་པའི་ཆོག་མཆན་མི་འདྲ་བའི་ཐད་ལ་དོགས་སློང་བྱེད་འོས།
ཞོར་ནས་གསལ་འདེབས་ཞུ་རྒྱུ་ཞིག་ལ། སྔོན་ཚུད་ནས་ནང་འཇུག་བྱས་ཡོད་པའི་མཉེན་ཆས་ཙམ་ཡིན་པར། རང་ཉིད་ཀྱིས་ནང་འཇུག་བྱས་པའི་མཉེན་ཆས་ཁག་ལ་སྤྲད་ཡོད་པའི་ཆོག་མཆན་ཁག་ལའང་རང་ངོས་ནས་སྟངས་འཛིན་བྱས་ཏེ། དགོས་མེད་ཀྱི་ཆོག་མཆན་ཁག་བཀག་འགོག་བྱེད་དགོས།
ལྔ་པ། ཨན་ཌོ(Android)་དང་ཀུ་ཤུའི་ཉེར་སྤྱོད་མ་ལག་IOS གཉིས་ཀའི་བར་ལ་ཁྱད་པར་ཅི་ཡོད།
༡ ༽ ཨན་ཌོ་མ་ལག་དེ་ཀུ་ཤུ་ཁ་པར་མ་ཡིན་པའི་འཛམ་གླིང་གི་ཁ་པར་གྱི་ཚོང་རྟགས་ཚང་མའི་ནང་དུ་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད་རུང་།ཀུ་ཤུ་ཁ་པར་གྱི་ཉེར་སྤྱོད་མ་ལག་IOS་དེ་ཀུ་ཤུ་ཐོན་རྫས་ཁོ་ནའི་ནང་དུ་མ་གཏོགས་གཞན་གང་གི་ནང་དུའང་སྤྱོད་མི་ཐུབ། ཀུ་ཤུའི་ཉེར་སྤྱོད་མ་ལག་ལ་ཕྱོགས་ཡོངས་ནས་ཚད་བཀག་མང་པོ་ཡོད།
༢ ༽ ཀུ་ཤུ་ཁ་པར་ནང་གི་པར་དང་ཡིག་ཆ་མང་པོ་སྡེབས་གཅིག་ཏུ་ཡོ་ཆས་གཞན་གྱི་ནང་དུ་བརྒྱུད་གཏོང་བྱེད་དགོས་ཚེ། iTune་དགོས་ཀྱི་ཡོད་རུང་། ཨན་ཌོ་ཁ་པར་ལ་USB གློག་ཐག་ཅིག་ཡོད་ན་འགྲིག་གི་ཡོད།
༣ ༽ ཨན་ཌོ་མ་ལག་ལ་མཉེན་ཆས་ཕབ་ལེན་གྱི་མཛོད་སྣ་ཚོགས་ཡོད་ཀྱང་། ཀུ་ཤུ་ཁ་པར་ལ་བིམ་མཛོད་གཅིག་པུ་མ་གཏོགས་མེད།
༤ ༽ དེ་མ་ཟད། མཉེན་ཆས་ཀྱི་གྲངས་ཀའི་ཆ་ནས་བརྗོད་ནའང་། ཨན་ཌོ་མ་ལག་གི་ནང་དུ་མཉེན་ཆས་ས་ཡ་2.5ལྷག་ཡོད་ལ། ཀུ་ཤུ་ལ་ས་ཡ 1.8་ཙམ་མ་གཏོགས་མེད།
༥ ༽ ལྷག་པར་དུ། ཨན་ཌོ་མ་ལག་ལ་བཀོལ་ཆས་ཟུར་འཇུག(应用侧面加载)་གི་གདམ་ག་ཡོད། དེའི་དོན་ནི། བཀོལ་ཆས་ཚོང་ཁང་ནས་མི་རྙེད་པའི་བཀོལ་ཆས་ཁག་དྲ་ལམ་ནས་བཙལ་ཏེ་ཐད་ཀར་རང་ཉིད་ཀྱི་ཁ་པར་གྱི་ནང་དུ་ནང་འཇུག་བྱེད་ཐུབ་ཀྱི་ཡོད། དཔེར་ན། ཁྱེད་ཀྱིས་གློག་ཀླད་དྲ་ཚིགས་ནས། ནམ་རྒྱུན་མི་རྙེད་པའི་མཉེན་ཆས་ཁག་ཅིག་ཐད་ཀར་རང་ཉིད་ཀྱི་ཁ་པར་ནང་དུ་ཕབ་ལེན་གནང་སྟེ་བཀོལ་སྤྱོད་བྱེད་ཐུབ།
དྲུག་པ། རྒྱལ་ཁབ་ཕྱི་ནང་གི་བཀོལ་ཆས་ཚོང་ཁང་(应用商店)གི་བར་ལ་ཁྱད་པར་ཡོད་དམ་ཞེ་ན།
༡ ༽ རྒྱལ་ནང་གི་ཨན་ཌོ་ཁ་པར་གྱི་ནང་དུ། ཨན་ཌོ་མ་ལག་གི་བདག་པོ་སྟེ་གྷོ་གྷིལ་བཟོ་ཚོང་ཁང་གི་གཞུང་ཕྱོགས་ཀྱི་བཀོལ་ཆས་ཚོང་ཁང་(Play store) དང་ཐོག་ནས་མེད་པར་བཟོས་ཡོད་ལ། དེའི་ཚབ་ཏུ། ཁ་པར་རང་རང་གིས། བཀོལ་ཆས་ཕབ་ལེན་བྱ་སའི་ཚོང་ཁང་ངམ་མཛོད་ཅིག་བཟོས་ཡོད་པ་གཤམ་གྱི་པར་རིས་ནང་གསལ་ལྟར་ཡིན།
༢ ༽ རྒྱལ་ཁབ་སོ་སོའི་ནང་གི་དྲ་རྒྱའི་ཁྲིམས་དང་སྒྲིག་གཞི་མི་འདྲ་བར་བརྟེན། ཨན་ཌོ་ཁ་པར་ཡིན་པ་འདྲ་འདྲ་ཡིན་རུང་། རྒྱལ་ཁབ་སོ་སོའི་ནང་ནས་ཕབ་ལེན་བྱེད་ཆོག་པའི་བཀོལ་ཆས་ཀྱི་གྲངས་ཀ་དང་ཚད་བཀག་མི་འདྲ། དཔེར་ན། རྒྱལ་ནང་གི་ཨན་ཌོ་ཁ་པར་གྱི་བཀོལ་ཆས་ཚོང་ཁང་གི་ནང་དུ་བརྡ་རྟགས་(signal)གླེང་མོལ་བཀོལ་ཆས་གཅིག་པུ་མ་གཏོགས། རྒྱལ་སྤྱིའི་སྟེང་གི་ཚད་ལྡན་གྱི་བཀོལ་ཆས་གང་ཡང་ཕབ་ལེན་བྱེད་རྒྱུ་མེད་པ་མ་ཟད། རྟོག་བཟོས་མི་སྒེར་དྲ་བ་ཡོངས་རྫོགས་ཀྱང་བཀག་འགོག་བྱས་ཡོད།
བདུན་པ། རྒྱལ་ཁབ་ཕྱི་ནང་གི་དྲ་རྒྱ་བཤེར་ཆས་ཀྱི་བར་ལ་ཁྱད་པར་ཡོད་དམ།
ཚང་མས་མཁྱེན་གསལ་ལྟར། སྐད་འཕྲིན་ནང་ནས་དྲ་ཚིགས་མང་པོ་ཞིག་རང་བཞིན་གྱིས་ཐོག་ནས་ཁ་འབྱེད་མི་ཐུབ་པ་བཟོས་ཡོད། དེའི་དཔེ་མཚོན་ཡག་ཤོས་ནི་ད་ལྟ་ཁྱེད་ཚོས་ལྟ་ཀློག་བྱེད་བཞིན་པའི་ལམ་ཡིག་དྲ་ཚིགས་འདི་ཡིན། ལམ་ཡིག་གཅིག་པུ་མིན་པར། དྲ་ཚིགས་གཞན་མང་པོ་ཞིག་སྐད་འཕྲིན་གྱི་ནང་དུ་ཁ་འབྱེད་མི་ཐུབ་པས། དྲ་ལམ་གྱི་ཤེས་བྱ་ཡོངས་རྫོགས་ལ་སྦྱོང་བ་བྱེད་འདོད་ཚེ། སྐད་འཕྲིན་གཅིག་པུར་སྐྱབས་མི་བཅོལ་བར། དྲ་རྒྱ་བཤེར་ཆས་ཤིག་སྤྱོད་རྒྱུ་གལ་ཆེ།
དྲ་རྒྱ་བཤེར་ཆས་ལ་མཚོན་ན། བརྒྱ་འདུས་དང་QQ སོགས་སྣ་མང་ཞིག་ཡོད་རུང་། ཨན་ཌོ་ཁ་པར་བཀོལ་མཁན་ཡིན་ན། འདུ་འཛོམས་དྲ་གནས་ཀྱི་སྟེང་ནས། སེང་གདོང་དྲ་རྒྱ་བཤེར་ཆས་དང་། མེ་ཝ་དྲ་རྒྱ་བཤེར་ཆས་གང་རུང་ཞིག་རང་ཉིད་ཀྱི་ཁ་པར་ནང་དུ་ཕབ་ལེན་བྱས་ཏེ། རྗེས་ཕྱོགས་སྐད་འཕྲིན་ནང་འབྱོར་བའི་འབྲེལ་ཐག་རིགས་ཡོངས་རྫོགས་དྲ་རྒྱ་བཤེར་ཆས་འདི་གཉིས་ཀའི་ནང་གི་གང་རུང་གཅིག་གི་ནང་དུ་ཁ་ཕྱེ་ན། གཅིག་ནས་བདེ་འཇགས་ལ་ཕན་པ་མ་ཟད། སྐད་འཕྲིན་ནང་ཁ་འབྱེད་མི་ཐུབ་པའི་དྲ་ཚིགས་མང་པོ་ཞིག་བདེ་ལེགས་ངང་ཁ་འབྱེད་ཐུབ་པ་ཡིན་ནོ།།