མཱ་སི་ཁིག་གི་རིག་ནུས་ཀྱི་འཆར་སྣང་། 

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྟེང་དུ། འཛམ་གླིང་གི་ཕྱུག་བདག་མཱ་སི་ཁིག་གིས་མིས་བཟོས་རིག་ནུས་དང་འཕྲུལ་མི་གཉིས་ཀས་མཉམ་སྦྲེལ་གྱི་ཐོག་ནས། མ་འོངས་པར་འཛམ་གླིང་གི་དཔལ་འབྱོར་དང་སྤྱི་ཚོགས་ལ་འགྱུར་བ་ཆེན་པོ་གཏོང་ངེས་པར་བརྗོད་ཡོད། རིག་ནུས་ལ་བརྟེན་པའི་འཕྲུལ་མིའི་གྲངས་ཀ་མང་དུ་ཕྱིན་པ་ལ་བརྟེན་ནས། ཅ་ལག་དང་ཚོང་ཟོག་གི་གྲངས་ཀ་འབེལ་པོ་ཆགས་ཏེ། ཚོང་ཟོག་དང་ཞབས་ཞུའི་རིན་གོང་ཇེ་དམའ་རུ་འགྲོ་ངེས་པ་དང་། མིའི་འཚོ་བ་སྐྱེལ་སྟངས་ཇེ་ལེགས་སུ་བཏང་སྟེ་དབུལ་ཕོངས་ལྟ་བུའི་དཀའ་ངལ་ཆེན་པོ་དག་སེལ་བར་རོགས་རམ་བྱེད་ཐུབ་པར་བརྗོད། དེ་མ་ཟད། ཉིན་རེའི་དགོས་མཁོ་དག་གི་རིན་གོང་ཧ་ཅང་ཁེ་པོ་དང་རང་འགུལ་ཅན་དུ་བཟོས་ཏེ། ཅ་ལག་གི་རིགས་གང་ཡིན་ཡང་དཀོན་པོ་ཆགས་རྒྱུ་ཧ་ལམ་མེད་པ་བཟོ་ཐུབ་ཟེར། 

🤖 མིས་བཟོས་རིག་ནུས་མུ་མཐུད་ནས་ཡར་རྒྱས་འགྲོ་གི་ཡོད་པ་བཞིན། མཱ་སི་ཁིག་གིས་མི་རིང་བར་མིས་བཟོས་རིག་ནུས་ཀྱི་ནུས་པ་དེ་མིའི་རིག་སྟོབས་ལས་ཡོངས་སུ་བརྒལ་སྲིད་པར་སྔོན་དཔག་བྱས་ཡོད་ལ། ད་ལོའི་ལོ་མཇུག་ཏུ་མིས་བཟོས་རིག་ནུས་ཀྱི་དཔེ་དབྱིབས་འགའ་ཤས་མི་སྒེར་བ་གང་རུང་ཞིག་ལས་སྤྱང་གྲུང་དོད་པོ་ཡོད་ངེས་པ་དང་། སྤྱི་ལོ་ ༢༠༣༠ ནས་ ༢༠༣༡ ཙམ་ལ། འགྲོ་བ་མིའི་རིགས་ཡོངས་རྫོགས་ལས་ཀྱང་རིག་སྟོབས་དང་ནུས་པ་ཆེ་བ་ཆགས་སྲིད་པར་བརྗོད་ཡོད། 

མཱ་སི་ཁིག་གི་མཐོང་སྣང་ལྟར་ན། མ་འོངས་པར་འཕྲུལ་མིའི་གྲངས་ཀ་དེ་འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱི་གྲངས་འབོར་ལས་ཡོངས་སུ་བརྒལ་སྲིད་པ་དང་། འཕྲུལ་མི་དེ་དག་གིས་མིའི་དགོས་མཁོ་ཡོངས་སུ་ཚིམ་པར་བྱེད་སྲིད་པ་སྟེ།  ཁྱིམ་ལས་བྱེད་པ་དང་། སྲོག་ཆགས་ལ་ལྟ་སྐྱོང་སོགས་བྱེད་པ་དང་། ལྷག་པར་དུ། རྒན་རྒོན་ལ་ལྟ་སྐྱོང་བྱེད་རྒྱུ་དེ་ཧ་ཅང་དཀའ་མོ་དང་། འགྲོ་གྲོན་ཆེ་བ་གང་ཞིག་ལ། མ་འོངས་པར་རྒན་རྒོན་ཚོར་ལྟ་སྐྱོང་བྱེད་མཁན་གྱི་ན་གཞོན་གྱི་གྲངས་འབོར་ཧ་ཅང་ཉུང་དུ་འགྲོ་ངེས་པས། འཕྲུལ་མིས་རྒན་རྒོན་ཚོར་མི་ལས་ལྷག་པའི་ལྟ་སྐྱོང་བཟང་པོ་བྱེད་ཐུབ་པར་བརྗོད།  

རིག་ནུས་ལ་བརྟེན་པའི་འཕྲུལ་མི་དེ་དག་གིས་འཛམ་གླིང་གི་དཔལ་འབྱོར་ལ་ཤུགས་རྐྱེན་ག་རེ་ཐེབས་སྲིད་ཅེས་ན།

 དཔལ་འབྱོར་ཐོན་སྐྱེད་ = འཕྲུལ་མི་རེ་རེའི་ཐོན་སྐྱེད་ནུས་པ་ × འཕྲུལ་མིའི་གྲངས་འབོར། 

མིའི་གྲངས་འབོར་ལས་བརྒལ་བའི་འཕྲུལ་མི་དེ་དག་གིས་ཐོན་སྐྱེད་ཀྱི་ནུས་པ་རྒྱ་བསྐྱེད་གཏོང་ཐུབ་པས། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་འགྲོ་བ་མིའི་ལོ་རྒྱུས་སུ་བྱུང་མ་མྱོང་བའི་སྒུལ་ཤུགས་ཆེན་པོ་ཞིག་བསྐྲུན་ངེས།

རིག་ནུས་ཀྱི་ཉེན་ཁ། 

མིས་བཟོས་རིག་ནུས་དང་འཕྲུལ་མི་དེ་དག་ལ་བསམ་གྱིས་མི་ཁྱབ་པའི་བཟང་ཕྱོགས་ཀྱི་ནུས་པ་ཆེན་པོ་ཡོད་པ་བཞིན། གཏོར་བཤིག་གི་ནུས་པའང་གཅིག་མཚུངས་ཡོད་པས། མིའི་རིགས་ལ་གནོད་འཚེ་མི་ཡོང་བའི་ཆེད་དུ་འཕྲུལ་མི་དེ་དག་དོ་དམ་ནན་མོ་བྱེད་དགོས་ཚུལ་བརྗོད་ཡོད། 

ལམ་ཡིག་གི་ཞབས་མཆན། 

  1. མིས་བཟོས་རིག་ནུས་དང་འཕྲུལ་མི་དེ་དག་བྱེད་ལས་རྩོམ་དུ་འཇུག་པར། འདང་ངེས་ཀྱི་གློག་ཤུགས་ཀྱི་ནུས་པ་དགོས་ཀྱི་ཡོད་རུང་། གློག་གི་མཁོ་འདོན་ལ་ཚད་བཀག་ཡོད་པའི་རྐྱེན་གྱིས་མ་འོངས་པར་མིས་བཟོས་རིག་ནུས་ཀྱི་མ་དཔེ་དང་འཕྲུལ་མི་མང་པོ་ཞིག་གིས་ལས་ཀ་བྱེད་མ་ཐུབ་པར་བེད་མེད་ཆགས་སྲིད་ཀྱི་ཡོད། དེ་ན་ད་ལྟའི་ཆར། འཛམ་གླིང་གི་གློག་འདོན་གྱི་ནུས་པ་ཆེ་ཤོས་དེ་ཀྲུང་གོ་རྒྱལ་ཁབ་ཡིན་པས། མཱ་སི་ཁིག་གིས་ལོ་རྗེས་མར་རྒྱ་ནག་གི་གློག་འདོན་ཚད་དེ་ཨ་མེ་རི་ཁ་ལས་ལྡབ་གསུམ་གྱིས་བརྒལ་ངེས་པའི་ཚོད་དཔག་བྱས་ཡོད་པ་དང་། རྒྱལ་ནང་གི་གློག་འདོན་ཚད་ཁོངས་ཀྱི་ཁྱབ་ཆེ་ཤོས་དེ་ཉི་གློག་ཡིན་པ་བརྗོད་ཡོད་པ་བཞིན། བོད་ས་མཐོའི་ཉི་གློག་ས་ཚིགས་ཁག་ནི་མ་འོངས་པའི་འཛམ་གླིང་གི་རིག་ནུས་དང་འཕྲུལ་མིའི་དུས་རབས་ཀྱི་སྲོག་རྩ་ཆགས་ངེས།

2. རིག་ནུས་དང་འཕྲུལ་མིས་ང་ཚོའི་འཚོ་བར་བཟང་ངན་གཉིས་ཀྱི་ཤུགས་རྐྱེན་སྤྲོད་སྲིད་པས། ད་ནི་སྤྱི་སྒེར་ཚང་མས་དེ་དག་དོ་དམ་བྱེད་ཕྱོགས་ཀྱི་སྐོར་ལ་བསམ་གཞིགས་དང་གླེང་སློང་བྱེད་པའི་དུས་ལ་སླེབས་ཡོད། གལ་ཏེ། མཱ་སི་ཁིག་གིས་བཤད་པ་བཞིན། མི་ལས་འཕྲུལ་མི་མང་བའི་དུས་རབས་ཤིག་ལ་སླེབས་ཚེ། ཆགས་སྡངས་རྨོངས་གསུམ་གྱིས་ཁེངས་པའི་མི་ཚོས་འཕྲུལ་མི་བེད་སྤྱད་དེ། གཞན་གྱི་ཐོག་ཏུ་འཚེ་བ་སྣ་ཚོགས་རྩོམ་སྲིད་ཀྱི་ཡོད། དེ་འདྲའི་འཚེ་བའི་ལས་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱིའི་རིམ་པར་རྒྱ་བསྐྱེད་བྱས་ཚེ། འགྲོ་བ་མིའི་རིགས་ཅིས་ཀྱང་སྟོང་ངེས་སོ།།

    Leave a Reply

    Your email address will not be published. Required fields are marked *