ཀྲུང་གོ་རྒྱང་འཕྲིན། (中国广电)

ཀྲུང་གོ་རྒྱང་འཕྲིན་(中国广电)ནི་རྒྱལ་ནང་གི་དྲ་བའི་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་བཞི་པ་དེ་ཡིན་ལ། བཟོ་ལས་ཁང་འདི་རྒྱལ་ཁབ་ཀྱི་རླུང་བརྙན་འཕྲིན་ལས་ཁུངས་(国家广播电视总局)ཀྱི་འོག་ཏུ་ཡོད་པས། ཐད་ཀར་སྲིད་གཞུང་གིས་སྟངས་འཛིན་དང་ཚོད་འཛིན་བྱེད་ཀྱི་ཡོད།  འོན་ཀྱང་། བཟོ་ལས་ཁང་འདིའི་དམིགས་ཡུལ་ནི་ཚོང་ལས་མིན་ལ། ཀྲུང་གོ་གློག་འཕྲིན་(中国电信)དང་། ཀྲུང་གོ་འབྲེལ་འཕྲིན། (中国联通)ཀྲུང་གོ་འགུལ་འཕྲིན(སྤོ་སྒུལ) 中国移动 སོགས་ལ་འགྲན་རྩོད་བྱེད་རྒྱུའང་མ་ཡིན་པར། རྒྱལ་ཁབ་བདེ་འཇགས་འགན་སྲུང་བྱ་ཐུབ་རྒྱུ་དེ་ཡིན་འདུག དེ་བས། ཀྲུང་གོ་རྒྱང་འཕྲིན་ལ་མཚོན་ན། འཛད་སྤྱོད་པ་གང་མང་བཀུགས་ཏེ་ཚོང་གི་ཁེ་སྤོགས་གང་མང་བཟོ་རྒྱུ་ལས། རྒྱལ་ཁབ་ཀྱི་བརྡ་འཕྲིན་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུ། རྒྱལ་ཁབ་བརྟན་ལྷིང་བཅས་གཙིགས་ཆེན་དུ་འཛིན་གྱི་ཡོད། 

ཀྲུང་གོ་རྒྱང་འཕྲིན་གཞན་དང་མི་འདྲ་ས་གང་ཡོད། 

ཀྲུང་གོ་རྒྱང་འཕྲིན་གྱི་རྒྱུ་རྫས་གལ་ཆེ་ཤོས་ནི་5Gཡི་ཆེད་དུ་མཁོ་བའི་700MHz དམིགས་བསལ་གྱི་བདག་དབང་དེ་ཡིན། མ་ལག་འདིའི་བརྡ་རྟགས་ཀྱི་ཁྱབ་ཚད་རྒྱ་ཆེ་བ་དང་། ཁང་པའི་ནང་དུ་བརྡ་རྟགས་བཟང་། དྲ་བའི་རྟེན་གཞིའི་ས་ཚིགས་མང་པོ་མི་དགོས་པར་བརྟེན། རྨང་གཞིའི་སྒྲིག་བཀོད་ཀྱི་འགྲོ་གྲོན་དམའ་རུ་གཏོང་ཐུབ་ཀྱི་ཡོད། དེ་བས་ཀྲུང་གོ་རྒྱང་འཕྲིན་ནི་གྲོང་གསེབ་ཁག་ཚང་མ་དང་། ཁྱབ་ཆེ་ནས་བཤད་ན་རྒྱལ་ཡོངས་ཀྱི་ས་ཁུལ་ཁུག་ཀྱོག་ཚང་མར་སྙོབ་ཐུབ་པའི་བརྡ་འཕྲིན་བཟོ་ལས་ཁང་ཁྱད་པར་ཅན་ཞིག་ཆགས་ཡོད། ད་དུང་། རང་བྱུང་གི་ཆག་འཇིག་དང་། དམག་འཁྲུག ནམ་ཡམས་སོགས་ཀྱི་སྐབས་སུ་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་ཁྱབ་རྒྱ་ཆེ་བའི་ཐོག་ནས་ཛ་དྲག་གི་འབྲེལ་མཐུད་ཞབས་ཞུ་མཁོ་སྤྲོད་དང་ཉེན་ཁའི་སྔོན་བརྡ་མྱུར་གཏོང་བྱེད་ཐུབ་ཀྱི་ཡོད། ཀྲུང་གོ་རྒྱང་འཕྲིན་གྱིས་དྲ་བའི་རྨང་གཞི་སྒྲིག་བཀོད་གསར་འཛུགས་བྱེད་རྒྱུའི་ཚབ་ཏུ། ཀྲུང་གོ་འགུལ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་མཉམ་སྤྱོད་བྱེད་ཀྱི་ཡོད།

བརྡ་འཕྲིན་ཞབས་ཞུ་བཟོ་ལས་ཁང་བཞི་པ་ཞིག་གསར་འཛུགས་བྱེད་དོན།

  1. དབང་ཚད་གཅིག་སྡུད་ཀྱི་ཉེན་ཁ་སྔོན་འགོག

ཀྲུང་གོ་རྒྱང་འཕྲིན་ནི་ཁྲོམ་རའི་འགྲན་རྩོད་ལ་དམིགས་པ་ཞིག་མ་ཡིན་པར། འཐབ་ཇུས་ཀྱི་ཉེན་ཁ་སེལ་ཆེད་དུ་བསྐྲུན་པ་ཞིག་ཡིན། ད་ལྟའི་བར་དུ་དྲ་རྒྱ་དང་ཆ་འཕྲིན་གྱི་བརྒྱུད་རིམ་ཚང་མ་ཀྲུང་གོ་གློག་འཕྲིན། ཀྲུང་གོ་འགུལ་འཕྲིན། ཀྲུང་གོ་འབྲེལ་འཕྲིན་བཅས་ཀྱིས་ཚོད་འཛིན་བྱེད་ཀྱི་ཡོད་སྟབས། དབང་ཚད་གཅིག་སྡུད་ཀྱི་ཉེན་ཁ་སྔོན་འགོག་བྱེད་ཆེད། སྔར་ཡོད་ཀྱི་བརྡ་འཕྲིན་བཟོ་ལས་ཁང་དེ་ཚོའི་ཐོག་ཏུ་གཞུང་གི་རྒྱང་བསྒྲགས་ཀྱི་མ་ལག་བཞི་པ་ཞིག་ཁ་སྣོན་བྱས་པ་རེད།

2. བརྡ་འཕྲིན་ཚོད་འཛིན་དང་ཚོང་དོན་ལོགས་སུ་དབྱེ་བ། 

སྔོན་ཆད་རྒྱལ་ཁབ་ཀྱི་དྲིལ་བསྒྲགས་དང་ཛ་དྲག་གི་ཆ་འཕྲིན་སོགས་གཏོང་དགོས་ཚེ། ཚོང་དོན་ལ་ཤུགས་ཆེར་ཁ་ཕྱོགས་པའི་ཀྲུང་གོ་གློག་འཕྲིན་སོགས་ལ་བརྟེན་དགོས་ཀྱི་ཡོད་སྟབས། སྲིད་གཞུང་གི་འདོད་པ་ནི། རྒྱང་བསྒྲགས་གཙོ་བོར་འཛིན་པའི་བརྡ་འཕྲིན་བཟོ་ལས་ཁང་ཞིག་ལོགས་སུ་བཙུགས་ཏེ། རྒྱལ་ཁབ་ཛ་དྲག་གི་གནས་སྟངས་སུ་ལྷུང་སྐབས། སྲིད་གཞུང་གི་བརྡ་ལན་གཙོ་བོ་གང་ཡིན་ཡོངས་ཁྱབ་ཀྱི་ཐོག་ནས་ཚོད་འཛིན་བྱེད་རྒྱུ་དེ་ཡིན་པས། ཀྲུང་གོ་རྒྱང་འཕྲིན་གྱིས་ཚོང་གི་ཁེ་སྤོགས་ལས་ཆ་འཕྲིན་གྱི་ནང་དོན་ཚོད་འཛིན་བྱེད་རྒྱུ་གཙོ་གནད་དུ་འཛིན་གྱི་ཡོད། 


3.
རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ། 

ཀྲུང་གོ་རྒྱང་འཕྲིན་ནི་རང་བྱུང་གི་ཆག་འཇིག་དང་། དྲ་རྒྱའི་དོན་རྐྱེན། དམག་འཁྲུག་གི་སྐབས་སམ་ས་ཁམས་ཆབ་སྲིད་ཀྱི་དཀའ་ངལ་སོགས་ཀྱི་སྐབས་སུ་བྱེད་ལས་རྩོམ་ཐུབ་པའི་ཆེད་དུ་འཆར་འགོད་བྱས་པ་ཞིག་ཡིན་པས། རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་བྱེད་རྒྱུ་ནི་དམིགས་ཡུལ་ལྟེ་བ་ཡིན། 

བཟང་ཆ།

  • སྲིད་གཞུང་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད།
  • ཐུན་མོང་མ་ཡིན་པའི་700MHz མ་ལག་ཡོད། 
  • ཀྲུང་གོ་འགུལ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་མཉམ་སྤྱོད་བྱེད་ཀྱི་ཡོད།
  • མྱུར་སྐྱོབ་མ་ལག་དང་སྨྱན་བྱད་ཚོད་འཛིན་ཁྲོད་ནུས་པ་ཆེན་པོ་འདོན་ཐུབ་ཀྱི་ཡོད།
  • ཁྲོམ་རའི་འགྲན་རྩོད་ཀྱི་ཤུགས་རྐྱེན་མེད།

ཞན་ཆ། 

  • བརྡ་འཕྲིན་ཞབས་ཞུའི་ནང་ཞུགས་པའི་དུས་སྐབས་འཕྱི་བ།
  • འཛད་སྤྱོད་པའི་གཞི་རྒྱ་ཆུང་བ་དང་ཁྲོམ་རའི་ནང་ངོས་འཛིན་ཞན་པོ་ཡོད།
  • ཀྲུང་གོ་འགུལ་འཕྲིན་ལ་ཤུགས་ཆེར་བརྟེན་དགོས་པ།
  • ཚོང་གི་ཁེ་སྤོགས་ཀྱི་ཆེད་དུ་མིན་པས། གསར་གཏོད་ཀྱི་མགྱོགས་ཚད་ཧ་ཅང་དལ་པོ་ཡོད།

མདོར་བསྡུས་ནས་བཤད་ན། 

ཀྲུང་གོ་རྒྱང་འཕྲིན་ནི་རྒྱལ་ནང་གི་བརྡ་འཕྲིན་ཁྲོམ་ར་ལ་བར་ཆད་གཏོང་རྒྱུའི་ཆེད་དུ་མ་ཡིན་པར། ཆ་འཕྲིན་དབུས་ནས་ཚོད་འཛིན་དང་ཛ་དྲག་གི་དུས་སྐབས་ལ་གྲ་སྒྲིག་བྱེད་རྒྱུའི་ཆེད་དུ་འཆར་འགོད་བྱས་པ་ཞིག་ཡིན་པས། བཟོ་ལས་ཁང་འདིས་ཆེས་གནད་འགག་གི་དུས་སྐབས་སུ། རྒྱལ་ཡོངས་ཀྱི་དྲ་བའི་འབྲེལ་མཐུད་རྒྱུན་གནས་དང་། དྲ་སྟེང་གི་གཏམ་བཤད་ཚོད་འཛིན། རྒྱལ་ཁབ་ཀྱི་བརྟན་ལྷིང་བཅས་འགན་ལེན་བྱེད་དགོས།

བརྡ་འཕྲིན་བཟོ་ལས་ཁང་འདིའི་དམིགས་ཡུལ་གཙོ་བོ་ནི་འཛད་སྤྱོད་པ་གང་མང་བཀུགས་ཏེ་ཚོང་གི་ཁེ་སྤོགས་བཟོ་རྒྱུ་དེ་མིན་པས། སྲིད་གཞུང་ལ་མཚོན་ན། ཆེས་གལ་ཆེ་བའི་དབང་རྩའི་མ་ལག་ཅིག་དང་འདྲ་ཡང་། འཛད་སྤྱོད་པར་མཁོ་བའི་ཞབས་ཞུའི་སྤུས་ཀ་བཟང་པོ་ཡོང་ཐུབ་མིན་བཤད་ཚོད་དཀའོ།། 

Leave a Reply

Your email address will not be published. Required fields are marked *