མིས་བཟོས་རིག་ནུས་ཀྱི་ཕན་གནོད། 

གལ་ཏེ་མ་འོངས་པར་འགྲོ་བ་མིའི་རིགས་ཀྱིས་མིས་བཟོས་རིག་ནུས་ཚོད་འཛིན་བྱ་དཀའ་བའི་དུས་ལ་སླེབས་ཚེ། རིག་ནུས་དེས་ང་ཚོར་བློ་ཡུལ་ལ་ཤོང་དཀའ་བའི་བཟང་ངན་གཉིས་ཀྱི་མཇུག་འབྲས་སྣ་ཚོགས་བསྐྲུན་སྲིད་ཀྱང་། ཕན་འབྲས་བཟང་པོ་ལས་མཇུག་འབྲས་ངན་པ་མང་བ་བསྐྲུན་སྲིད་པར་འདོད།

མིས་བཟོས་རིག་ནུས་ཀྱིས་འགྲོ་བ་མིའི་རིགས་ལ་བསྐྲུན་སྲིད་པའི་ཕན་འབྲས་བཟང་པོ་འགའ་ཚོད་དཔག་བྱས་ན།

  1. མིས་བཟོས་རིག་ནུས་ཀྱི་ཡར་རྒྱས་ཧ་ཅང་ཚད་མཐོ་བོར་སླེབས་པ་ཡིན་ན། ཚན་རིག་དང་། སྨན་བཅོས། འཕྲུལ་རིག་སོགས་ཤེས་བྱའི་རྣམ་གྲངས་ཡོད་དོ་ཅོག་གི་ནང་དུ་ལྷག་པའི་མིག་སྔར་གྱི་དོགས་གཞི་དང་དཀའ་ངལ་སོགས་དུས་ཡུན་ཧ་ཅང་ཐུང་ཐུང་གི་ནང་དུ་ཐག་གཅོད་བྱེད་ཐུབ་པའི་ནུས་པ་ཡོད་ངེས།
  2. མིའི་རིགས་ཀྱི་བྱེད་མི་འདོད་པའམ། བྱེད་དཀའ་བའི་ལས་ཤུགས་དང་ཀླད་པའི་ངལ་རྩོལ་མང་པོ་ཞིག་རང་འགུལ་འཕྲུལ་ཆས་ཅན་དུ་བསྒྱུར་ངེས་པས། མིའི་རིགས་ལ་ཧ་ཅང་སྟབས་བདེ་བསྐྲུན་སྲིད། 
  3. དེང་སང་ང་ཚོས་ལས་དོན་གང་རུང་ཞིག་ཐག་གཅོད་བྱེད་སྐབས། ཉམས་མྱོང་མ་འདང་བའི་དཀའ་ངལ་དང་། ཤེས་བྱའི་ཆུ་ཚད་མ་འདང་བའི་དཀའ་ངལ། སྔ་རྗེས་བར་གསུམ་ལ་དབྱེ་ཞིབ་བྱེད་པའི་ནུས་པ་མ་འདང་བའི་དཀའ་ངལ་སོགས་འཕྲད་ཀྱི་ཡོད་ལ། དཀའ་ངལ་དེ་དག་གི་རྐྱེན་གྱིས་ཐག་གཅོད་ནོར་བ་མང་པོ་བྱེད་ཀྱི་ཡོད།  མིས་བཟོས་རིག་ནུས་ཀྱིས་འཛམ་གླིང་ནང་གི་ཤེས་བྱའི་རྣམ་གྲངས་ཡོངས་རྫོགས་ཀྱི་གཞི་གྲངས་དུས་ཡུན་ཐུང་ངུའི་ནང་དུ་དབྱེ་ཞིབ་བྱེད་ཐུབ་པས། རྒྱལ་ཁབ་འཛིན་སྐྱོང་དང་། ཚོང་ལས་དབྱེ་ཞིབ།  ཐོན་ཁུངས་བགོ་འགྲེམས་སོགས་དང་འབྲེལ་བའི་བྱ་བཞག་ཆེ་མ་ཆུང་ཐག་གཅོད་བྱེད་པའི་ནུས་པ་ལྡབ་འགྱུར་གྱིས་ཆེ་རུ་གཏོང་ཐུབ་ངེས། 

མཇུག་འབྲས་ངན་པ།

  1. མིས་བཟོས་རིག་ནུས་དེ་མ་འོངས་པར་འགྲོ་བ་མིས་སྟངས་འཛིན་བྱེད་དཀའ་བའི་གནས་སྟངས་ལ་སླེབས་སྲིད་ན། དེས་འགྲོ་བ་མིའི་ཁེ་ཕན་དང་རིན་ཐང་སོགས་ལ་འགལ་བའི་བྱེད་ལས་སྣ་ཚོགས་རྩོམ་སྲིད་པས། ཐ་ན། མིའི་ཐོག་ཏུའང་འཚེ་བ་དང་གནོད་པ་གཏོང་སྲིད། 
  2. ལས་ཀའི་སྡེ་ཚན་ཚང་མའི་ནང་དུ་མིའི་ནུས་པ་ལས་བརྒལ་བའི་མིས་བཟོས་རིག་ནུས་ཀྱིས་ཁ་སྐོང་བྱས་ཚེ། ད་ལྟའི་ལས་རིགས་འདྲ་མིན་གྱི་ནང་དུ་ལས་ཀ་བྱེད་བཞིན་པའི་ལས་མི་མང་པོ་ཞིག་གི་ལས་གནས་ཤོར་སྲིད་པའི་གནས་སྟངས་འབྱུང་སྲིད།
  3. ཚད་མཐོ་བའི་མིས་བཟོས་རིག་ནུས་ཀྱི་ལག་རྩལ་བེད་སྤྱད་དེ། དཀར་ནག་དང་བདེན་རྫུན་གྱི་དབྱེ་བ་འབྱེད་དཀའ་བའི་གནས་ཚུལ་ནོར་བ་གང་མང་དྲ་ལམ་དུ་བཀྲམས་ཚེ། དེས་མང་ཚོགས་ཀྱི་བསམ་ཚུལ་ལ་གཡོ་བཅོས་བྱེད་ནུས་པས།  སྤྱི་ཚོགས་བརྟན་ལྷིང་མེད་པར་བཟོ་སྲིད་ལ། རྒྱལ་ཁབ་དང་ཐ་ན། འཛམ་གླིང་ཧྲིལ་པོར་ཟིང་འཁྲུག་བཟོ་སྲིད།
  4. མ་འོངས་པར་ཤེས་སྟོབས་ཆེ་བའི་མིས་བཟོས་རིག་ནུས་ཀྱིས། འགྲོ་བ་མིའི་རིགས་ཀྱི་འཚོ་གནས་འབྲེལ་བ་མེད་པ་ཞིག་ཏུ་ངོས་འཛིན་བྱས་ཚེ། ས་ཡི་གོ་ལའི་སྟེང་ནས་འགྲོ་བ་མིའི་རིགས་རྩ་མེད་ཏུ་གཏོང་སྲིད་པའི་ཉེན་ཁའང་མེད་པ་མིན་པས། མིའི་རིགས་ཀྱི་འཚོ་གནས་ཀྱི་ཉེན་ཁ་སྔར་ལས་ཆེ་རུ་འགྲོ་ངེས། 

དེ་བས།  མིས་བཟོས་རིག་ནུས་ཀྱི་གསར་གཏོད་མ་ལག་དང་འཕྲུལ་ཆས་གང་ཡིན་ཡང་། དེ་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་རིན་ཐང་དང་ཁེ་ཕན་སོགས་ལ་འགལ་མི་ཆོག་པར་ཁག་ཐེག་བྱེད་པའི་ཆེད་དུ། མིས་བཟོས་རིག་ནུས་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་བཅའ་ཁྲིམས་དང་སྲིད་ཇུས་གཏན་འབེབས་བྱེད་རྒྱུ་གལ་ཆེན་ཡིན་པ་ཨ་རིའི་ཕྱུག་བདག་ཨེ་ལང་མ་སི་ཁིག་དང་བྷིལ་སྒེ་ཁྲི། ChatGPT གཙོ་བདག སཱན་ཨལ་ཁྲི་མན་སོགས་ཀྱིས་གཅིག་མཐུན་གྱི་ཐོག་ནས་ངོས་འཛིན་བྱེད་ཀྱི་ཡོད།

Leave a Reply

Your email address will not be published. Required fields are marked *