ཀུ་ཤུ་དང་གྷོ་གྷིལ་བཟོ་ཚོང་ཁང་གཉིས་ཀྱིས་སོ་སོའི་འཛད་སྤྱོད་པ་གྲངས་ངེས་མེད་ལ་དམིགས་པའི་དྲ་ཐོག་གི་འཇབ་རྒོལ་ལ་སྲུང་སྐྱོབ་བྱེད་ཆེད་ཛ་དྲག་གི་མཉེན་ཆས་གསར་སྒྱུར་མང་པོ་འདོན་སྤེལ་བྱས་ཡོད་འདུག
གྷོ་གྷིལ་བཟོ་ཚོང་ཁང་གིས་ཁི་རོམ(Chrome)་བཤེར་ཆས་ནང་གི་བདེ་འཇགས་ཀྱི་སྐྱོན་ཆ་ཁག་ཅིག་ལ་གསར་སྒྱུར་བྱས་ཡོད་པ་དང་། དེའི་ཁྲོད་ཀྱི་སྐྱོན་ཆ་གཅིག་གྷོ་གྷིལ་གྱིས་གསར་སྒྱུར་མ་བྱས་གོང་འཇབ་རྒོལ་པས་ངོས་འཛིན་བྱས་པའི་ཐོག་ནས། སྐྱོན་ཆ་དེ་གོ་སྐབས་སུ་བཟུང་སྟེ། འཛད་སྤྱོད་པའི་ཐོག་ཏུ་འཇབ་རྒོལ་བརྩམས་ཚར་ཡོད་པ་ཤེས་རྟོགས་བྱུང་འདུག འོན་ཀྱང་། དེའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་གང་ཡང་ཕྱིར་བསྒྲགས་བྱས་མི་འདུག
མཉེན་ཆས་ཁོངས་ཀྱི་སྐྱོན་ཆ་དེ་ཀུ་ཤུའི་བདེ་འཇགས་འཕྲུལ་རྩལ་རུ་ཁག་དང་གྷོ་གྷིལ་གྱི་ཉེན་ཁ་དབྱེ་ཞིབ་རུ་ཁག་གཉིས་ཀྱིས་རྙེད་པ་ཡིན་པ་བརྗོད་ཡོད། རུ་ཁག་དེ་གཉིས་ནི་གཙོ་བོ་གཞུང་གི་གསང་འཛུལ་བ་དང་སོ་མྱུལ་མཉེན་ཆས་བཟོ་མཁན་ཐོག་ཏུ་ཞིབ་འཇུག་བྱེད་མཁན་ཡིན་པས། ད་ཐེངས་ཀྱི་འཇབ་རྒོལ་དེ་སྲིད་གཞུང་གང་རུང་གིས་རྒྱབ་སྐྱོར་བྱས་པའི་འཇབ་རྒོལ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད།ཀུ་ཤུ་བཟོ་ཚོང་ཁང་གིས་ཀྱང་། ཀུ་ཤུ་ཁ་པར་དང་རྩིས་འཕྲུལ། ཨེ་ཕེད་སོགས་དང་། དེ་དག་གི་ནང་གི་ས་ཧྥ་རེ་(Safari)བཤེར་ཆས་ཀྱི་བདེ་འཇགས་ཀྱི་གསར་སྣོན་འདོན་སྤེལ་བྱས་ཡོད།
ཀུ་ཤུ་བཟོ་ཚོང་ཁང་གིས་བརྗོད་ན། ད་ཐེངས་ཀྱི་འཇབ་རྒོལ་འདི་ནི་ཀུ་ཤུ་ཉེར་སྤྱོད་མ་ལག་iOS 26 གོང་གི་མ་ལག་བཀོལ་མཁན་གྱི་མི་བུ་བྱེ་བྲག་ཁག་ཅིག་ལ་ཆེད་དམིགས་ཀྱི་ཐོག་ནས་བརྩམས་པའི་ཧ་ཅང་ཚད་མཐོ་བའི་འཇབ་རྒོལ་ཞིག་ཡིན་འདུག་ལ། འཇབ་རྒོལ་འདིའི་ཁྲོད་དུ་སྲིད་གཞུང་གང་རུང་གིས་གསང་འཛུལ་ལག་ཆ་དང་སོ་མྱུལ་མཉེན་ཆས་བེད་སྤྱོད་དེ་གསར་འགོད་པ་དང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས་དམིགས་འབེན་དུ་བཟུང་ཡོད་འདུག འོན་ཀྱང་། སྲིད་གཞུང་གང་གིས་འཇབ་རྒོལ་བརྩམས་ཡོད་མེད་ཕྱིར་བསྒྲགས་བྱས་མེད་པ་རེད།