མིས་བཟོས་རིག་ནུས་ཀྱི་འགྲན་རྩོད། 

འཛམ་གླིང་ནང་གི་མིས་བཟོས་རིག་ནུས་ཀྱི་བཟོ་ཚོང་ཁང་གྲགས་ཆེ་ཤོས་ཏེ། OpenAI ཚང་གི ChatGPT དང་ GPT-4  ད་དུང་། བཟོ་ཚོང་ཁང་དེའི་རིག་ནུས་རྒྱུ་མཚན་འདྲེན་པའི་མ་དཔེ་o1 སོགས་ཀྱི་ལས་གཞི་ནང་དུ་བྱས་རྗེས་བླ་མེད་བཞག་མྱོང་མཁན་གྱི་རྩིས་འཕྲུལ་ཚན་རིག་པ་ཀྲའོ་ཧྲིན་ཅྭ་ལགས་(赵胜佳)་ཕྱི་ཕྱོགས་ཀྱི་འབྲེལ་མཐུད་དྲ་བ་གྲགས་ཅན་ངོ་དེབ(Meta)་བཟོ་ཚོང་ཁང་གི་ཆེས་མཐོའི་རིག་སྟོབས་ཚོད་ལྟ་ཁང་གི་ཉམས་ཞིབ་པ་གཙོ་བོར་བསྐོ་བཞག་གནང་ཡོད་པ་རེད་ལ། ཁོང་གིས་མི་འགྱངས་བར་ཨ་ལེག་ཟན་ཌར་ཝང་(Alexandr Wang)གི་སྣེ་ཁྲིད་འོག་ཞིབ་འཇུག་ལས་རིམ་དངོས་སུ་གཏན་འབེབས་བྱ་རྒྱུ་རེད། ཞིབ་འཇུག་ཁང་འདིའི་ནུས་པ་རྒྱ་བསྐྱེད་བྱེད་པར་དམིགས་ནས། ངོ་དེབ་བཟོ་ཚོང་ཁང་གིས OpenAI དང་གྷོ་གྷིལ (谷歌) བཟོ་ཚོང་ཁང་སོགས་ནས མཐོ་རིམ་ཞིབ་འཇུག་པ་མང་པོ་གླས་ཡོད་པ་མ་ཟད། ངོ་དེབ་བཟོ་ཚོང་ཁང་གི་སྔར་ཡོད་ཀྱི་གཞི་རྩའི་རིག་ནུས་སྡེ་ཚན་གྱི་ཁོངས་ནས་ཞིབ་འཇུག་པ་ཁག་ཅིག་འབོད་འགུག་གནང་ཡོད། 

ད་ཐེངས་ངོ་དེབ་བཟོ་ཚོང་ཁང་གིས་OpenAI ཚང་གི་ཚན་རྩལ་པ་ཀྲའོ་ཧྲིན་ཅྭ་གཅིག་པུ་མ་ཡིན་པར། ད་དུང་བཟོ་ཚོང་ཁང་དེའི་ཤུགས་རྐྱེན་ཆེ་བའི་ཉམས་ཞིབ་པ་གཞན་གསུམ་སྟེ། ཡུས་ཅྭ་ཧོས(余嘉辉)་དང་། པུས་ཧྲུའུ་ཁྲའོ།(毕书超) རིན་ཧུང་ཡུས་(任红宇)བཅས་ཀྱང་ཚུར་འགུག་བྱས་པ་མ་ཟད། ཨ་སྒོར་དུང་ཕྱུར་140 གྱིས་མ་རྩ་བཙུགས་ཏེ། མིས་བཟོས་རིག་ནུས་ཀྱི་ཉམས་ཞིབ་སྡེ་ཚན་གསར་པ་རྩ་འཛུགས་བྱས་པ་དེས། ཐད་ཀར་OpenAI་དང་གྷོ་གྷིལ་སོགས་འཛམ་གླིང་ནང་གི་ཚན་རྩལ་བཟོ་ལས་ཁང་ཆེ་ཁག་གི་མིས་བཟོས་རིག་ནུས་ཀྱི་མ་དཔེ་ཁག་ལ་དངོས་སུ་འགྲན་སློང་བྱེད་པའི་གྲ་སྒྲིག་བྱས་ཟིན་པ་གསལ་སྟོན་བྱེད་ཀྱི་ཡོད་སྟབས། དྲ་ལམ་དབྱེ་ཞིབ་པ་མང་པོ་ཞིག་གིས། ངོ་དེབ་དང་OpenAI གཉིས་དབར་གྱི་འགྲན་རྩོད་ཀྱི་གནས་རིམ་ཚད་མཐོ་ཤོས་སུ་སླེབས་པར་ངོས་འཛིན་བྱེད་ཀྱི་ཡོད། 

གནས་ཚུལ་ཁ་སྣོན། འཛམ་གླིང་གི་ཕྱུག་བདག་ཆེན་མོ་ཨེ་ལང་ མ་སི་ཁིག་གིས་xAI ཡི་མིས་བཟོས་རིག་ནུས་ཀྱི་མ་དཔེ་གསར་ཤོས་Grok4ནི། ད་ལྟའི་འཛམ་གླིང་ནང་གི་མིས་བཟོས་རིག་ནུས་རིག་སྟོབས་ཆེ་ཤོས་དེ་ཡིན་པར་བརྗོད་ཡོད་ལ། ཁོང་གིས་ད་དུང་ Grok4 དེ་སློབ་ཚན་ཚང་མའི་ནང་སློབ་མཐར་ཕྱིན་པའི་ཞིབ་འཇུག་སློབ་མ་དང་འབུམ་རམས་པ་ཞིག་ལས་ཀྱང་ཤེས་རབ་ཆེ་བ་ཡོད་པར་ཕྱིར་བསྒྲགས་བྱས་ཡོད། 

Leave a Reply

Your email address will not be published. Required fields are marked *