ཨ་རིའི་ཀུ་ཤུ་དང་ཁྲེ་སི་ལ་གཉིས་ལས་ཀྱང་ཁྲོམ་རའི་ཁྱབ་རྒྱ་ཆེ་བའི་ཨ་རིའི་ཚན་རྩལ་བཟོ་ཚོང་ཁང་NVIDIA་ཡི་སྤྱི་ཁྱབ་འགན་འཛིན་ཧོང་རིན་ཞུན(黄仁勋 )་ལགས་ད་ལོ་གཅིག་པུར་རྒྱལ་ནང་ལ་ཐེངས་གསུམ་ལ་བསྐྱོད་དེ། ཁོང་གི་ཆེད་གཉེར་བཟོ་ཚོང་ཁང་གིས་རྒྱའི་ཁྲོམ་རའི་ཆེད་དུ་བཟོས་པའི་H20 AI རིག་ནུས་ཉིང་ལྷེབ་བསྐྱར་དུ་ཀྲུང་གོར་ཕྱིར་ཚོང་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ་མ་ཟད། པེ་ཅིང་དུ་འཚོགས་པའི་སྐབས་གསུམ་པའི་ཀྲུང་གོའི་རྒྱལ་སྤྱིའི་མཁོ་སྤྲོད་འབྲེལ་ཐག་འགྲེམས་སྟོན་གྱི་མཛད་སྒོའི་ཐོག་ཏུ། མ་འོངས་པའི་མིས་བཟོས་རིག་ནུས་དང་། རྒྱལ་སྤྱིའི་མཁོ་སྤྲོད་འབྲེལ་ཐག མིས་བཟོས་རིག་ནུས་ཀྱི་སྐྱེ་ཁམས་མ་ལག་བཅས་ཀྱི་ཁྲོད་དུ་ཀྲུང་གོས་ཆ་ཤས་གལ་ཆེན་ལེན་བཞིན་པའི་སྐོར་བསམ་བཞིན་དུ་རྒྱ་སྐད་ཀྱི་ནང་དུ་གསུང་བཤད་གནང་ཡོད།
དེ་ནི་ཐེ་ཝན་ནས་སྐྱེས་པའི་ཨ་རིའི་ཕྱུག་བདག་འདིས་རྒྱལ་ནང་གི་ཁྲོམ་རར་དམིགས་ཏེ་སྲིད་གཞུང་ལ་ངོ་དགའ་བྱས་པའི་རྣམ་འགྱུར་ཞིག་ཏུ་མངོན་ལ། གཏམ་བཤད་ཀྱི་སྐབས་སུ། ཁོང་གིས་ཀྲུང་གོས་གསར་གཏོད་དང་མཉམ་སྤྱོད་བྱས་པའི་འཛམ་གླིང་རིམ་པའི་ཁུངས་འབྱེད་མ་དཔེའི་རིགས་ཏེ། DeepSeek་དང་། ཨ་ལེ་བྷ་བྷ།(阿里巴巴) ཐིན་ཞུན། (腾讯)བརྒྱ་འདུས(百度)་སོགས་ཀྱིས་འཛམ་གླིང་ཡོངས་ཀྱི་མིས་བཟོས་རིག་ནུས་ཀྱི་འཕེལ་རྒྱས་ཀྱི་གོམ་ཁ་མགྱོགས་སུ་གཏོང་བར་རམ་འདེགས་བྱེད་བཞིན་ཡོད་ཅེས་བསྔགས་བརྗོད་གནང་ཡོད།
རྩ་བའི་ཆ་ནས། ཨ་རིའི་གཞུང་གིས་རྒྱལ་སྲུང་བདེ་འཇགས་ཀྱི་རྩ་དོན་འོག NVIDIAཡི་H20AI ཉིང་ལྷེབ་རྒྱལ་ནང་ལ་ཕྱིར་གཏོང་བྱེད་པར་བཀག་སྡོམ་བྱས་ཡོད་ཀྱང་། ཉེ་ཆར་H20ཚོང་ལས་སླར་ཡང་མགོ་འཛུགས་བྱེད་པའི་ཆོག་མཆན་ཐོབ་པ་འདི་ནི། NVIDIA ཚན་རྩལ་བཟོ་ཚོང་ལ་རྒྱལ་ནང་གི་མིས་བཟོས་རིག་ནུས་ཀྱི་རྨང་གཞིའི་འཛུགས་སྐྲུན་གྱི་ཁྲོམ་རའི་ནང་གི་ནུས་ཤུགས་སླར་གསོ་བྱེད་པར་ཕན་པའི་ཨ་རིའི་གཞུང་གི་སྲིད་ཇུས་ཀྱི་འགྱུར་བ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།
ཟུར་བཀོད། NVIDIA ནི་གཙོ་བོ་གློག་ཀླད་ནང་གི་པར་རིས་དང་རྩེད་མོའི་ཆེད་དུ་སྟོབས་ལྡན་གྱི་ཉིང་ལྷེབ་བཟོ་སྐྲུན་བྱེད་མཁན་གྱི་འཕྲུལ་རིག་བཟོ་ཚོང་ཁང་ཞིག་ཡིན་པ་མ་ཟད། དེང་གི་དུས་ཀྱི་འཛམ་གླིང་སྟེང་གི་མིས་བཟོས་རིག་ནུས་ཀྱི་མཁྲེགས་ཆས་དང་མཉེན་ཆས་མཁོ་སྤྲོད་བྱེད་མཁན་གཙོ་བོ་ཞིག་ཀྱང་ཡིན། NVIDIA བཟོ་ཚོང་ཁང་འདིའི་མིང་ནི་ལ་ཏིན་གྱི་ཚིག་invidia ལས་བྱུང་བ་ཡིན་ལ། དེའི་དོན་ནི་ཕྲག་དོག་ཡིན། དོན་ལ་མི་གཞན་གྱིས་ཁོང་ཚོའི་འཕྲུལ་རིག་ལ་ཕྲག་དོག་བྱེད་ངེས་པ་སྟོན་གྱི་ཡོད།