ཀུ་ཤུའི་ཉེར་སྤྱོད་མ་ལག OS 26

2025 ལོའི་ཀུ་ཤུ་མ་ལག་བཟོ་སྐྲུན་དང་ཡར་རྒྱས་གཏོང་མཁན་གྱི་འཛམ་གླིང་ཁྱོན་ཡོངས་ཀྱི་ཆེད་ལས་མི་སྣའི་དགྱེས་འཛོམས་ཚོགས་འདུ།

གཙོ་གནད། དེ་སྔོན་ཡིན་ན། ཀུ་ཤུ་ལག་འདོགས་ཆུ་ཚོད་དང་། ཀུ་ཤུ་ཁ་པར། ཀུ་ཤུ་རྩིས་འཕྲུལ། ཀུ་ཤུའི་རྩིས་འཕྲུལ་ལེབ་མོ་བཅས་ཀྱི་ནང་གི་ཉེར་སྤྱོད་མ་ལག་གི་ཐོན་རིམ་ཨང་གྲངས་གཏན་ནས་མི་འདྲ། དཔེར་ན། ཀུ་ཤུ་ཁ་པར་ནང་གི་ཉེར་སྤྱོད་མ་ལག་ཐོན་རིམ་གསར་ཤོས་ནི། iOS 18 དང་། ཀུ་ཤུ་རྩིས་འཕྲུལ་གྱི་མ་ལག་ཐོན་རིམ་གསར་ཤོས་ནི།  macOS 15 Sequoia་ལྟ་བུ་ཡིན།  འོན་ཀྱང་། ད་ལོའི་ཀུ་ཤུ་མ་ལག་བཟོ་སྐྲུན་དང་ཡར་རྒྱས་གཏོང་མཁན་གྱི་འཛམ་གླིང་ཁྱོན་ཡོངས་ཀྱི་ཆེད་ལས་མི་སྣའི་དགྱེས་འཛོམས་ཚོགས་འདུའི་སྟེང་དུ། ད་ནས་བཟུང་། ཀུ་ཤུའི་ཐོན་རྫས་ཡོད་དོ་ཅོག་ནང་གི་ཉེར་སྤྱོད་མ་ལག་གི་ཐོན་རིམ་གྱི་མིང་གཅིག་གྱུར་བཀོལ་སྤྱོད་བྱ་རྒྱུ་ཐག་གཅོད་བྱས་ཡོད།  རྩ་བའི་ཆ་ནས། ཀུ་ཤུ་ཁ་པར་གྱི་ཉེར་སྤྱོད་མ་ལག་ཐོན་རྗེས་མའི་མིང་ནི་iOS 19 ཡིན་དགོས་ཀྱང་།  དེའི་ཚབ་ཏུ་ iOS 26་ཆགས་རྒྱུ་ཡིན་པ་རེད།  

དེ་བཞིན། རྩིས་འཕྲུལ་ལེབ་མོ་ནང་གི་ཉེར་སྤྱོད་མ་ལག་གི་མིང་ལ  iPadOS 26 དང་། ཀུ་ཤུ་རྩིས་འཕྲུལ་ནང་གི་ཉེར་སྤྱོད་མ་ལག་གི་མིང་ལ་macOS 26  ཀུ་ཤུ་ལག་འདོགས་ཆུ་ཚོད་ནང་གི་ཉེར་སྤྱོད་མ་ལག་གི་མིང་ལ watchOS 26 ཆགས་ཀྱི་ཡོད་པ་རེད།  

 ཀུ་ཤུ་ཁ་པར་གྱི་མ་ལག iOS 26 ནང་གི་ཡར་རྒྱས།

ཁ་པར་ནང་འབྱོར་བའི་སྐད་རིགས་གཞན་པའི་འཕྲིན་ཐུང་ཁག་ཐད་ཀར་རང་ཉིད་ཀྱིས་ཤེས་པའི་སྐད་ཡིག་གང་རུང་གི་ནང་དུ་བསྒྱུར་ཐུབ་པའི་ནུས་པ་ཡོད་ལ། ཁ་བརྡའི་རྒྱབ་ལྗོངས་རང་ཉིད་ཀྱི་འདོད་མོས་ལྟར་བརྗེ་སྒྱུར་བྱེད་ཐུབ། དེ་མ་ཟད། ནམ་རྒྱུན་སུན་པོ་བཟོ་མཁན་གྱི་རྒྱུས་མེད་ཀྱི་ཁ་པར་རིགས་རང་བཞིན་གྱིས་བཀག་འགོག་བྱེད་ཐུབ་པའི་ནུས་པ་ཡོད། 

ཨ་ཕེ་རྩིས་འཕྲུལ་ལེབ་མོ། iPad OS 26 ནང་གི་ཡར་རྒྱས།

དེ་སྔོན་ཡིན་ན། ཨ་ཕེ་ལ་རྩིས་འཕྲུལ་ལེབ་མོ་ཟེར་གྱི་ཡོད་རུང་། དེར་རྩིས་འཕྲུལ་གྱི་ཁྱད་ཆོས་མི་ཚང་། འོན་ཀྱང་། ད་ཆ། ཨེ་ཕེའོ་ནང་དུ་རྩིས་འཕྲུལ་ལྟར་སྒེའུ་ཁུང་ཁ་ཤས་ཁ་ཕྱེ་རྗེས། དེ་དག་གི་ཆེ་ཆུང་བསྒྲིགས་ཏེ། ལས་དོན་སྣ་ཚོགས་དུས་མཉམ་གཅིག་ལ་བྱེད་ཐུབ་པའི་ནུས་པ་ཡོད། 

ཀུ་ཤུ་རྩིས་འཕྲུལ་གྱི་མ་ལག་macOS 26 ནང་གི་ཡར་རྒྱས། 

ཀུ་ཤུ་ཁ་པར་སྟེང་དུ་ཕབ་ལེན་བྱས་ཡོད་པའི་མཉེན་ཆས་ཁག་རང་བཞིན་གྱི་སྟེང་ནས་ཀུ་ཤུ་རྩིས་འཕྲུལ་གྱི་ནང་དུ་སླེབས་ཀྱི་ཡོད་པ་དང་། ཁ་པར་ནང་གི་སྐད་སོགས་རྩིས་འཕྲུལ་བརྒྱུད་ནས་ཉན་ཐུབ་པ་མ་ཟད། རྩིས་འཕྲུལ་གྱི་མཐེབ་གཞུང་བརྒྱུད་ནས་ཁ་པར་ལ་ཚོད་འཛིན་བྱེད་ཐུབ། 

ཀུ་ཤུ་ལག་འདོགས་ཆུ་ཚོད་ཀྱི་མ་ལག་watchOS 26 ནང་གི་ཡར་རྒྱས།

མིའི་རིག་ནུས་ལ་བརྟེན་པའི་ལུས་སྦྱོང་སློབ་སྟོན་པས་ཁྱེད་ཀྱི་ཉིན་རེའི་ལུས་སྦྱོང་གི་གནས་སྟངས་ག་འདྲ་ཡིན་མིན་ཕྱོགས་བསྡོམས་བྱེད་པ་མ་ཟད། ཁྱེད་ཀྱིས་ལུས་སྦྱོང་བྱེད་སྐབས་སྐད་ཀྱི་ལམ་ནས་ཁྱེད་ལ་སེམས་ཤུགས་སྤར་གྱི་ཡོད། 

ཀུ་ཤུའི་ཉེར་སྤྱོད་མ་ལག་ཐོན་OS 26 མཉེན་ཆས་དེ་ཟླ་བདུན་པ་ནས་བཟུང་མང་ཚོགས་ཀྱིས་ཚོད་ལྟ་བྱེད་ཆོག་ལ། དངོས་གཞིའི་མཉེན་ཆས་དེ་ད་ལོའི་སྟོན་ཀར་འགྲེམས་སྤེལ་བྱེད་རྒྱུ་རེད་འདུག