གསང་མྱུལ་དྲ་འབུའི་བྱེད་ལས་རྩོམ་སྟངས།

(མུ་འགོད་རྩོམ་ཡིག་ཁག་གཉིས་པ།)

གསང་མྱུལ་དྲ་འབུ་ནི་དྲ་ལམ་ནས་མི་གཞན་ལ་འཇབ་རྒོལ་བྱེད་སྤྱད་ཀྱི་མཉེན་ཆས་ཤིག་ཡིན་ལ། མཉེན་ཆས་དེ་འཇབ་རྒོལ་པས་ལྐོག་ནས་འཛད་སྤྱོད་པའི་ཁ་པར་དང་རྩིས་འཕྲུལ་གྱི་ནང་དུ་ནང་འཇུག་བྱེད་ཐུབ་ཀྱི་ཡོད། མཉེན་ཆས་དེ་དྲ་ཡོལ་གསེང་ནས་ཁུ་སིམ་མེར་ལྐོག་ལྟ་བྱེད་མཁན་གྱི་གྲོང་ཁྱེར་ནང་གི་ཁྱིམ་མཚེས་དག་དང་འདྲ་བས། ང་ཚོས་ལས་སླ་པོའི་ཐོག་ནས་ཤེས་རྟོགས་ཐུབ་རྒྱུ་ཧ་ཅང་དཀའ།


གསང་མྱུལ་དྲ་འབུ་དེ་འཛད་སྤྱོད་པའི་ཁ་པར་གྱི་ནང་དུ་བཅུག་ཚར་ན། མཉེན་ཆས་དེས་ཁ་པར་དང་རྩིས་འཕྲུལ་གྱི་མ་ལག་གི་རྒྱབ་ནས་ཁུ་སིམ་མེར་ལས་ཀ་བྱེད་ངེས་ལ། མཚམས་རེར་མ་ལག་གི་ཆ་ཤས་གང་རུང་ལ་བརྫུས་ཏེ་སུས་ཀྱང་དོ་སྣང་བྱེད་མི་ཐུབ་པ་ཞིག་བཟོ་ངེས། ད་དུང་། དེ་མ་ཟད། མཉེན་ཆས་དེ་ཁ་པར་གྱི་མ་ལག་དང་འཆར་ངོས་སུ་གང་ཡང་མངོན་རྒྱུ་མེད་པའང་བཟོ་སྲིད་ཀྱི་ཡོད།


གསང་མྱུལ་དྲ་འབུ་ཕལ་ཆེ་བས། ཁ་པར་དང་རྩིས་འཕྲུལ་གྱི་མ་ལག་གི་ཁོངས་ཀྱི་ཐོན་ཁུངས་ཆེས་ཉུང་ཤོས་ཤིག་བེད་སྤྱོད་བྱས་པའི་ཐོག་ནས་ལས་ཀ་བྱེད་ངེས་པས། ཁ་པར་གྱི་རྒྱུན་ལྡན་གྱི་བྱེད་ལས་ལ་ཤུགས་རྐྱེན་དང་དཀའ་ངལ་གང་ཡང་སྤྲོད་མི་སྲིད་པས། འཛད་སྤྱོད་པས་རང་ཉིད་ཀྱི་ཁ་པར་ནང་དུ་རྒྱུན་ལྡན་མིན་པའི་སྣང་ཚུལ་གང་ཡང་དོ་སྣང་བྱུང་མི་ཐུབ།

གསང་མྱུལ་དྲ་འབུའི་གསང་མྱུལ་གྱི་བྱེད་ལས་དང་གཞི་གྲངས་བསྡུ་རུབ་ཀྱི་ཚད་གཞི་ནི་འཛད་སྤྱོད་པའི་ཁ་པར་གྱི་སྒྲིག་འགོད་ནང་གི་བཀོལ་ཆས་ཀྱི་ཆོག་མཆན་དང་། གསང་མྱུལ་དྲ་འབུ་བྱེ་བྲག་པ་གང་དེའི་ནུས་པར་རག་ལུས་ཡོད།

གཞི་གྲངས་བསྡུ་རུབ།


གསང་མྱུལ་དྲ་འབུས་འཛད་སྤྱོད་པའི་ཁ་པར་ནང་གི་རིན་ཐང་ཅན་གྱི་གཞི་གྲངས་སྣ་ཚོགས་བསྡུ་རུབ་བྱེད་ཐུབ་སྟེ། དཔེར་ན།

  1. མི་སུ་ལ་འཕྲིན་ཐུང་དང་ཁ་པར་བཏང་ཡོད་མེད་ཀྱི་ཟིན་ཐོ་དང་།
  2. ཡིག་ཟམ་དང་འབྲེལ་གཏུག་མི་སྣའི་ཁ་པར་ཨང་གྲངས་ཀྱི་ཐོ་གཞུང་།
  3. ཁ་པར་ནང་གི་པར་དང་བརྙན། ད་དུང་དེ་མིན་གྱི་ཡིག་ཆ་གཞན།
  4. དྲ་མྱུལ་གྱི་ལོ་རྒྱུས་ཏེ། དྲ་ཚིགས་གང་དག་ལ་ལྟ་ཀློག་བྱས་ཡོད་མེད་དང་། སྐད་འཕྲིན་དང་། QQ་སོགས་ཁ་བརྡའི་མཉེན་ཆས་གང་དག་བེད་སྤྱོད་བྱས་ཡོད་མེད་སོགས་ཀྱི་ཆ་འཕྲིན་བསྡུ་རུབ་བྱེད་ཐུབ།

གཞི་གྲངས་བརྒྱུད་གཏོང་།


བསྡུ་རུབ་བྱས་པའི་གཞི་གྲངས་དག་དུས་ཡུན་སྐད་ཅིག་མའི་ནང་དུ། གསང་མྱུལ་དྲ་འབུ་ཚོད་འཛིན་བྱེད་མཁན་གྱི་མི་དང་ཚོགས་སྡེ་གང་རུང་ལ་བརྒྱུད་གཏོང་བྱེད་ཐུབ་ཀྱི་ཡོད་པས། རང་ཉིད་ཀྱི་ཁ་པར་དང་རྩིས་འཕྲུལ་སོགས་ཀྱི་ནང་དུ་གསང་མྱུལ་དྲ་འབུ་འཛུལ་ཚེ། ཁྱེད་ཀྱི་ཁ་པར་ནང་གི་གཞི་གྲངས་ཡོད་དོ་ཅོག་མི་ངན་པའི་ལག་ཏུ་ཤོར་འགྲོ་གི་ཡོད།

ཁ་པར་ཚོད་འཛིན།


གསང་མྱུལ་དྲ་འབུ་ཁ་ཤས་ཀྱིས་རྒྱང་རིང་ནས་ཁྱེད་ཀྱི་ཁ་པར་ཟྭ་རྒྱག་ཐུབ་ལ། ཁ་པར་ནང་གི་གཞི་གྲངས་ཚང་མ་གཙང་གསུབ་བྱེད་ཐུབ་པ་མ་ཟད། ཁ་པར་གྱི་བརྙན་མིག་དང་སྐད་སྦུག་སོགས་ལས་བརྙན་དང་པར་ལེན་པ་སོགས་འཛད་སྤྱོད་པའི་ཁ་པར་ནང་གི་ཁྱད་ཆོས་ཁག་ཚོད་འཛིན་བྱེད་ཐུབ་ཀྱི་ཡོད་དོ།།

Leave a Reply

Your email address will not be published. Required fields are marked *