གསང་མྱུལ་དྲ་འབུ།

(མུ་འགོད་རྩོམ་ཡིག་ཁག་དང་པོ།)

གསང་མྱུལ་དྲ་འབུ་ནི་ཁ་པར་དང་རྩིས་འཕྲུལ་ནང་གི་ཡོངས་ཁྱབ་ཀྱི་ནད་དུག་ཅིག་ཡིན་ལ། གལ་ཏེ། ད་ལྟ་ཁྱེད་ཀྱིས་རྩོམ་ཡིག་འདི་ཀློག་བཞིན་ཡོད་ཚེ། ཁྱེད་ནི་ནད་དུག་དེས་ང་ཚོའི་དྲ་ཐོག་གི་བྱེད་སྒོ་ཁག་ལ་ཇི་ལྟར་སོ་ལྟ་དང་རྗེས་འདེད་གཏོང་གི་ཡོད་མེད་སྐོར་ལ་ཤེས་འདོད་ཆེན་པོ་ཡོད་མཁན་ཞིག་ཡིན་ངེས།
དེ་ཡང་གསང་མྱུལ་དྲ་འབུ་སྐོར་མ་གླེང་བའི་སྔོན་དུ། ང་ཚོས་གསང་མྱུལ་བཀོལ་ཆས་སྐོར་ལ་རོབ་ཙམ་གླེང་ཆོག

གལ་ཏེ། ཁྱེད་ཀྱིས་སོ་སོའི་ཕྲུ་གུ་ཚོའི་ཁ་པར་ནང་གི་དྲ་རྒྱའི་རྩེད་མོ་དང་སྤྱིར་བཏང་གི་བྱེད་སྒོ་ཁག་ལ་ལྟ་རྟོག་བྱེད་འདོད་ཚེ། རང་རང་གི་ཕྲུ་གུའི་ཁ་པར་གྱི་ནང་དུ། གསང་མྱུལ་བཀོལ་ཆས་ཤིག་བཅུག་སྟེ། སོ་ལྟ་བྱེད་ཆོག་པ་མ་ཟད། ཁོང་ཚོའི་ཁ་པར་ལ་ཕྱོགས་ཡོངས་ནས་ཚོད་འཛིན་ཀྱང་བྱེད་ཐུབ་ཀྱི་ཡོད།
དེ་བཞིན། ལས་ཁུངས་ཤིག་གི་འགོ་བས་རང་ཉིད་ཀྱི་ལས་ཁུངས་ནང་གི་ལས་མི་ཚོའི་བྱེད་སྒོ་ལ་ལྟ་ཞིབ་བྱེད་འདོད་ཚེ། གོང་དང་གཅིག་མཚུངས་ལྟར། ལས་མི་ཚོའི་རྩིས་འཕྲུལ་གྱི་ནང་དུ་གསང་མྱུལ་བཀོལ་ཆས་བཅུག་སྟེ། ལས་མི་ཚོར་ལྟ་སྐུལ་བྱས་པའི་ཐོག་ནས་ཐོན་སྐྱེད་ནུས་ཤུགས་འགན་ལེན་བྱེད་ཆོག་ལ། ལས་ཁུངས་ཀྱི་ཆ་འཕྲིན་གལ་ཆེན་སྲུང་སྐྱོབ་བྱེད་ཆོག

གསང་མྱུལ་དྲ་འབུ་ཡང་གསང་མྱུལ་གྱི་ཆེད་དུ་བཟོས་པའི་བཀོལ་ཆས་(APP)ཤིག་ཡིན་ཡང་། དེའི་དམིགས་ཡུལ་དང་ཚད་གཞི་ནི་སྤྱིར་བཏང་གི་གསང་མྱུལ་བཀོལ་ཆས་ཤིག་ལས་ཧ་ཅང་མཐོ། དེ་ནི་མི་སྒེར་རམ་ཚོགས་པ་ཞིག་གི་སྐོར་གྱི་གནས་ཚུལ་གལ་ཆེན་རྣམས་ཁོ་ཚོའི་མོས་མཐུན་དང་ཤེས་རྟོགས་མེད་པར་ལྐོག་ནས་བསྡུ་རུབ་བྱེད་པའི་ཆེད་དུ་བཟོས་པའི་མཉེན་ཆས་ངན་པ་ཞིག་ལ་ཟེར་ཞིང་། གསང་མྱུལ་དྲ་འབུ་དེ་དྲ་ཐོག་གི་ཉེས་ཅན་པ་དང་རྒྱལ་ཁབ་ཀྱི་གསང་བའི་ལས་ཁུངས་སོགས་ཀྱིས་རྒྱང་རིང་ནས་ཁྱེད་ཀྱི་རྩིས་འཕྲུལ་དང་ཁ་པར་གྱི་ནང་དུ་ཡར་འཇུག་བྱེད་ཐུབ་ཀྱི་ཡོད་ལ། ནང་འཇུག་བྱས་པའི་གསང་མྱུལ་དྲ་འབུའམ་བཀོལ་ཆས་(APP) དེ་ཁྱེད་ཀྱིས་ཤེས་རྟོགས་མི་ཐུབ་ལ། ཁ་པར་གྱི་འཆར་ངོས་སུའང་མངོན་རྒྱུ་མེད་པ་བཟོ་ཐུབ་ཀྱི་ཡོད།
གསང་མྱུལ་དྲ་འབུ་ལ་མཐར་གཏུགས་ན་དམིགས་ཡུལ་གཙོ་བོ་གཉིས་ཡོད་དེ། གཅིག་ནི། འཛད་སྤྱོད་པ་གང་རུང་གི་ཁ་པར་དང་རྩིས་འཕྲུལ་ནང་གི་རིན་ཐང་ཅན་ནམ་གསང་བའི་ཡིག་ཆ་གལ་ཆེན་རྐུ་འཁྱེར་བྱ་རྒྱུ་དེ་ཡིན་ལ། གཞན་དེ་ནི། འཛད་སྤྱོད་པ་གང་རུང་གི་སྡོད་གནས་རྗེས་འདེད་དང་དྲ་ཐོག་གི་གི་བྱེད་སྒོ་ཁག་ལ་ལྐོག་ནས་ལྟ་རྟོག་བྱ་རྒྱུ་དེ་ཡིན།

གསལ་འདེབས། གསང་མྱུལ་དྲ་འབུ་ཙམ་མིན་པར། ང་ཚོའི་ཁ་པར་ནང་གི་མཉེན་ཆས་ཁ་ཤས་ཀྱིས་གསང་བའི་ཐོག་ནས་པར་དང་བརྙན་བླངས་ནས་ཕྱོགས་གསུམ་པར་གཏོང་ཐུབ་པ་སེམས་ལ་ཟུངས་ཤིག

ཐེངས་རྗེས་མའི་རྩོམ་ཡིག་གི་ནང་དུ་གསང་མྱུལ་དྲ་འབུའི་བྱེད་ལས་རྩོམ་སྟངས་ག་འདྲ་ཡིན་མིན་སྐོར་གླེང་རྒྱུ་ཡིན་པས། ཚང་མས་མུ་མཐུད་དུ་དོ་སྣང་བྱེད་རོགས།