དྲ་སྟེང་གི་གཡོ་ཇུས།

དེང་སང་དྲ་ཐོག་གི་ཉེས་ཅན་པ་ཚོས། དྲ་ལམ་ནས་མི་རྣམས་ལ་མགོ་སྐོར་གཏོང་བྱེད་ཀྱི་ཐབས་ལམ་སྣ་ཚོགས་ཤིག་བཀོལ་སྤྱོད་བྱེད་ཀྱི་ཡོད་སྟབས། ཉིན་མ་རེ་རེར་དྲ་ཐོག་གི་ཉེན་ཁའི་སྐོར་ལ་རྒྱུས་མངའ་མེད་མཁན་གྱི་མི་མང་པོ་ཞིག་ལས་སླ་པོའི་ཐོག་ནས་ཁོང་ཚོའི་གཡོ་འོག་ཏུ་ཚུད་ཀྱི་ཡོད།
དེ་བས། གཤམ་ལ་བདག་གིས་དྲ་ལམ་གྱི་ཆེས་དར་ཁྱབ་ཆེ་བའི་གཡོ་ཇུས་ཁག་ཅིག་དྲ་གྲོགས་ཚོར་མཉམ་སྤྱོད་བྱེད་ཆོག

སྤྱི་ཚོགས་འབྲེལ་མཐུད་དྲ་བའི་སྟེང་གི་མགོ་སྐོར།

དེང་སང་མི་མང་པོས་ཆུ་ཚོད་འཕྲོ་བརླག་གཏོང་སའི་དྲ་ལམ་གྱི་སྡིངས་ཆ་གཅིག་ནི་སྤྱི་ཚོགས་འབྲེལ་མཐུད་དྲ་བ་ཡིན། དཔེར་ན། མགྱོགས་འཕྲིན་དང་། འཁྱུག་དབྱངས། སྐད་འཕྲིན་སོགས་ཀྱི་ནང་དུ་མི་ཕན་ཚུན་ངོ་མི་ཤེས་རུང་། བྱ་བ་ག་གེ་མོ་ཞིག་གི་ཆེད་དུ་ཞལ་འདེབས་སློང་མཁན་དང་། བྱ་འགུལ་རིགས་སྣ་ཚོགས་སྤེལ་མཁན་ཧ་ཅང་མང་། ཁོང་ཚོར་མིའི་ཚོར་བ་རྩེད་སྤྱད་བྱེད་ཐུབ་པའི་ནུས་རྩལ་འཛོམས་པས། དྲ་ལམ་གྱི་མི་མང་པོ་ཞིག་ཁོང་ཚོའི་་མགོ་སྐོར་འོག་ཚུད་ཀྱི་ཡོད།

མི་གཞན་ལ་བརྫུ་བའི་གཡོ་ཁྲམ།

གཡོ་ཁྲམ་གྱི་ལས་ཀ་བྱེད་སྟངས་ཤིག་ནི། ཁྱེད་ཀྱི་ཡིད་ཆེས་བློ་གཏད་བྱེད་སའི་མི་སྟེ། དཔེར་ན་སྤུན་ཉེ་དང་། ནང་མི། སྦྱིན་བདག། གཞུང་ཞབས་པ་སོགས་ལ་བརྫུས་ཏེ། ཁྱེད་ལ་དངུལ་གྱི་མགོ་སྐོར་གཏོང་བ། དཔེར་ན། ཁྱེད་ཀྱི་སྤུན་ཉེ་དང་ཕ་མ་སོགས་ཡིན་ཁུལ་བྱས་ཏེ་ཁྱེད་ལ་་ཛ་དྲག་གི་ཡིག་ཟམ་དང་ཁ་པར། འཕྲིན་ཐུང་སོགས་བཏང་སྟེ། ཛ་དྲག་གི་ལས་དོན་ག་གེ་མོ་ཞིག་གི་ཆེད་དུ་དངུལ་གཏོང་དགོས་པའི་རེ་སྐུལ་ཞུ་བ་ལྟ་བུ་ཡིན།

资料来源:联合国毒品和犯罪问题办公室

བརྩེ་དུང་གི་གཡོ་ཁྲམ།

གཡོ་ཁྲམ་པས་དྲ་ལམ་བརྒྱུད་ནས་ཁྱེད་ལ་གྲོགས་པོ་བསྒྲིགས་རྗེས། ཁྱེད་ལ་དགའ་མདོག་དང་བརྩེ་བ་ཡོད་མདོག་གི་གཏམ་གང་སྙན་བཤད་དེ་ཁྱེད་ཀྱི་ཡིད་ཆེས་འཐོབ་ཐབས་བྱེད་ཀྱི་ཡོད། ཁྱེད་ཀྱི་ཡིད་ཆེས་ཐོབ་རྗེས་ཁོ་ཚོས་འཚོ་བའི་དཀའ་ངལ་ཆེད་གང་རུང་དང་། ལྷག་པར་ཛ་དྲག་གི་དོན་རྐྱེན་ཞིག་གི་དབང་གིས་དངུལ་སྒོར་དགོས་ལུགས་བརྗོད་ཀྱི་ཡོད། དཔེར་ན། ཟླ་ཤས་རིང་དྲའབྲེལ་བྱས་རྗེས། ཛ་དྲག་གི་སྨན་བཅོས་ཤིག་གི་ཆེད་དུ་སྒོར་མོ་དགོས་ལུགས་བརྗོད་དེ། ་ཁྱོད་ལ་གང་མགྱོགས་སྐྱིན་པ་སྤྲོད་རྒྱུའི་ཁས་ལེན་བྱེད་པ་ལྟ་བུ།

དྲ་ལམ་ཉོ་ཚོང་གི་མཁོ་སྐོར།

གཡོ་ཁྲམ་པས་དྲ་ལམ་གྱི་ཚོང་ཁང་རྫུན་མ་གསར་འཛུགས་བྱས་ཏེ། དེར་ཅ་ལག་རྫུན་མ་འཚོང་བ་དང་། ཉོ་མཁན་རྣམས་བསླུ་བའི་ཆེད་དུ་ཅ་ལག་གི་རིན་གོང་ནམ་རྒྱུན་ལས་ཧ་ཅང་དམའ་བ་བཟོས་ཏེ་བཙོང་གི་ཡོད། དྲ་ལམ་གྱི་ཚོང་ཁང་དེ་འདྲ་ནས་ཁྱེད་ཀྱིས་ཚོང་ཟོག་ཉོས་ཚེ། མཚམས་རེར་ཉོས་པའི་ཅ་ལག་དེ་ནམ་ཡང་འབྱོར་མི་སྲིད་ལ། མཚམས་རེར་ཁྱབ་བསྒྲགས་བྱས་པའི་ཅ་ལག་དངོས་སུ་འབྱོར་བའི་ཅ་ལག་གཉིས་ཀའི་བར་གནམ་སའི་ཁྱད་པར་ཡོད།

རྒྱན་ཤོག་དང་བྱ་དགའི་གཡོ་ཇུས།

འཇབ་རྒོལ་བྱེད་སྟངས་འདིའི་ཁྲོད་དུ། འཇབ་རྒོལ་པས། འཛད་སྤྱོད་པར་་བྱ་དགའ་དང་རྒྱན་ཤོག་ཐོབ་སོང་ཞེས་ཛ་དྲག་གི་བརྡ་ལན་གཏོང་བ་དང་། བྱ་དགའི་སྒོར་མོ་དེ་ལེན་པར། དང་ཐོག་འཛད་སྤྱོད་པའི་སྒེར་གྱི་གནས་ཚུལ་དང་། དངུལ་གཏོང་གླ་ཕྲན་བུ་ཞིག་སྤྲོད་དགོས་པའི་དགོས་འདུན་འདོན་གྱི་ཡོད། བྱ་དགའ་དང་དངུལ་དེ་ནམ་ཡང་དངོས་སུ་འཐོབ་རྒྱུ་མེད། དཔེར་ན། ཁྱོད་ལ་རྒྱན་ཤོག་གི་དངུལ་འབོར་ཆེན་ཐོབ་སོང་ཟེར་ཞེས་ཡིག་ཟམ་་དང་ཁ་པར་འབྱོར་བ་་དང་། བྱ་དགའ་དེ་འཐོབ་དགོས་ན་སྔོན་ལ་འགྲོ་གྲོན་གཏོང་དགོས་ཀྱི་ཡོད་པ་ལྟ་བུ་ཡིན།

ཉྭ་འཛིན་གྱི་ཡིག་ཟམ།

གཡོ་ཁྲམ་གྱི་ལས་རིགས་གཉེར་མཁན་གྱི་དྲ་ཐོག་གི་འཇབ་རྒོལ་པ་ཚོས། ་ཁྲིམས་མཐུན་གྱི་ཁེ་ལས་དང་། དངུལ་ཁང་། ཡང་ན་གཞུང་གི་ལས་ཁུངས་སོགས་ལ་བརྫུས་ཏེ། ཁྱེད་ལ་ཡིག་ཟམ་བརྒྱུད་དེ་འབྲེལ་བ་བྱེད་པ་དང་་། ཡིག་ཟམ་དེ་འདྲའི་ནང་དུ་འཇབ་རྒོལ་པས་འབྲེལ་ཐག་ཅིག་བཏང་སྟེ། འཛད་སྤྱོད་པ་གང་རུང་ལ་དེའི་ཐོག་ཏུ་གནོན་པའི་སྐུལ་མ་བྱེད་ཀྱི་ཡོད་ལ། འཛད་སྤྱོད་པར་སོ་སོའི་ཡིག་ཟམ་ཁ་བྱང་དང་གསང་གྲངས་ནང་དུ་བསྐྱར་དུ་གཏག་ཏུ་འཇུག་གི་ཡོད། འཛད་སྤྱོད་པ་གང་རུང་གིས་འབྲེལ་ཐག་དེའི་ཐོག་ཏུ་གནོན་པའི་སྐབས་སུའམ། རང་གི་ཡིག་ཟམ་ཁ་བྱང་དང་གསང་གྲངས་བསྐྱར་དུ་གཏག་པའི་སྐབས་སུ། འཇབ་རྒོལ་པས་ཁྱེད་ཀྱི་ཁ་པར་དང་རྩིས་འཕྲུལ་སོགས་ལ་སྟངས་འཛིན་བྱེད་ཀྱི་ཡོད།
དཔེར་ན། ཁྱེད་ཀྱི་དངུལ་ཁང་ནས་བཏང་བའི་གློག་འཕྲིན་ཞིག་སྟེ། ཁྱེད་ལ་དོགས་གཞི་ཅན་གྱི་བྱ་སྤྱོད་ཅིག་ཡོད་ཚུལ་གྱི་ཉེན་བརྡ་གཏོང་ཞིང་། ཁྱེད་ཀྱི་དངུལ་ཁང་གི་རྩིས་ཁྲ་ཁུངས་སྐྱེལ་བྱེད་ཆེད་དུ་ཁྱེད་ཀྱིས་གློག་འཕྲིན་གྱི་ཁ་བྱང་ལ་རེག་དགོས་པའི་བརྡ་གཏོང་བ་ལྟ་བུ།

དྲ་ཚིགས་རྫུན་མ།

དྲ་ཐོག་གི་གཡོ་ཁྲམ་པ་ཚོས་དངུལ་ཁང་དང་། དྲ་ལམ་གྱི་ཚོང་ཁང་། སྲིད་གཞུང་གི་ལས་ཁུངས་སོགས་ཀྱི་དྲ་ཚིགས་ངོ་མ་དང་ཧ་ཅང་ཆ་འདྲ་བའི་དྲ་ཚིགས་རྫུན་མ་ཞིག་བཟོ་གི་ཡོད་ལ། དེ་མི་དཀྱུས་མ་ཞིག་གིས་ལས་སླ་པོའི་ཐོག་ནས་ངོ་འཕྲོད་དཀའ། དྲྭ་ཚིགས་རྫུན་མ་དེ་འདྲའི་སྟེང་དུ། འཛད་སྤྱོད་པ་ཚོས་དྲ་ཚིགས་ངོ་མ་རེད་སྙམ་སྟེ། རང་གི་དྲ་སྟེང་གི་ནང་འཛུལ་གྱི་མིང་དང་གསང་གྲངས་སོགས་གཏག་པའི་སྐབས་སུ། འཇབ་རྒོལ་པས་འཛད་སྤྱོད་པའི་ཆ་འཕྲིན་དེ་དག་ལྐོག་ནས་བསྡུ་རུབ་བྱེད་ཀྱི་ཡོད། དཔེར་ན། ཁྱེད་ཀྱིས་དགའ་མོས་བྱེད་སའི་དྲ་ལམ་གྱི་ཚོང་ཁང་ཞིག་ནས་ཁྱེད་ལ་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་ཅ་ལག་གི་གོང་མར་ཕབ་སྟེ་བཙོང་གི་ཡོད་པའི་བརྡ་ལན་གཏོང་བའི་སྐབས་སུ། ཁྱེད་རང་དེ་མ་ཐག་དྲ་ངོས་དེར་ཕེབས་ཏེ། ཅ་ལག་གང་དག་གོང་མར་ཕབ་ཡོད་མེད་ལྟ་ངེས་ཡིན། འོན་ཀྱང་། ཁྱེད་ཀྱིས་བལྟ་སའི་དྲ་ཚིགས་དེ་རྫུན་མ་ཡིན་སྟབས། ཁྱེད་རང་དྲ་ངོས་དེར་འཛུལ་བའི་གནས་སྐབས་ནས་བཟུང་། ཁྱེད་རང་འཇབ་རྒོལ་པའི་རྙིའི་ནང་དུ་ཚུད་ཚར་བ་རེད།

དྲ་ལམ་རོགས་སྐྱོར་གྱི་གཡོ་ཁྲམ།

གཡོ་ཁྲམ་པས་རང་ཉིད་ནི་སྤྱི་གཉེར་ཁང་ཆེན་པོ་ག་གེ་མོ་ཞིག་གི་ལས་བཟོ་པ་ཡིན་ཁུལ་བྱས་ཏེ། ཁྱེད་ཀྱི་གློག་ཀླད་ནང་དུ་ནད་དུག་འགོས་ཡོད་ཚུལ་བཤད་ཏེ། ་ཁྱེད་ཀྱི་དཀའ་ངལ་དེ་སེལ་ཆེད། རྒྱང་རིང་ནས་ཁྱེད་ལ་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ཚུལ་བརྗོད་ཀྱི་ཡོད་པ་མ་ཟད། ཞབས་ཞུ་རྫུན་མ་སྒྲུབ་པར་རིན་པ་སྤྲོད་དགོས་པའི་རེ་བ་འདོན་གྱི་ཡོད། དཔེར་ན། ཁ་པར་དང་འཕྲིན་ཐུང་སོགས་བརྒྱུད་ནས། ཁྱེད་ཀྱི་གློག་ཀླད་ལ་ནད་དུག་སྲིན་འགོས་ཡོད་པའི་ཉེན་བརྡ་གཏོང་བ་དང་། ནད་དུག་དེ་མེད་པར་བཟོ་བར་འཕྲུལ་ལས་ཆེད་མཁས་པའི་རོགས་སྐྱོར་ཞུ་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད།

དངུལ་གྱི་ཁེ་སྤོགས་ཀྱི་གཡོ་ཁྲམ།

གཡོ་ཁྲམ་པས་དུས་ཡུན་ངེས་ཅན་ཞིག་གི་རིང་དུ་ཁོང་ལ་དངུལ་བཅོལ་བྱས་ན་ཁེ་སྤོགས་མཐོན་པོ་འཐོབ་ཐུབ་ཚུལ་བརྗོད་ཀྱི་ཡོད། དཔེར་ན། ཁང་པ་དང་། མ་རྐང་ཁྲོམ་ར། གསང་དངུལ་སོགས་ཀྱི་ནང་དུ་མ་རྩ་བཙུགས་ན་ཁེ་སྤོགས་མཐོན་པོ་ཐོབ་ཚུལ་་བརྗོད་ཀྱི་ཡོད། མི་མང་པོས་ཁོང་ལ་ཡིད་ཆེས་བྱས་ཏེ། དངུལ་འབོར་ཆེན་མཉམ་སྤུངས་བྱས་མ་ཐག ཁོ་རང་གར་སོང་ཆ་མེད་དུ་འགྱུར་གྱི་ཡོད།

བླུ་སྤྲོད་འཇབ་རྒོལ།

འདིའི་བྱེད་ལས་ཇི་ལྟར་བྱེད་དམ། འཛད་སྤྱོད་པ་ཞིག་གིས་ཤེས་ཚོར་མ་བྱུང་བར། གནོད་འཚེ་ཅན་གྱི་མཉེན་ཆས་ཤིག་ཕབ་ལེན་བྱེད་སྐབས། གནོད་ཚབས་ཅན་གྱི་མཉེན་ཆས་དེས་འཛད་སྤྱོད་པའི་རྩིས་འཕྲུལ་ནང་གི་ཡིག་ཆ་རྣམས་སྒོ་ལྕགས་རྒྱག་པར་བྱེད། ཡིག་ཆ་དེ་དག་གྲོལ་ཆེད། འཇབ་རྒོལ་པས་འཛད་སྤྱོད་པར་དངུལ་སྤྲོད་དགོས་པའི་རེ་བ་འདོན་གྱི་ཡོད།

ངོ་བོ་རྐུ་འཁྱེར།

ཉྭ་འཛིན་གྱི་འཇབ་རྒོལ་ལྟ་བུ་བརྒྱུད་དེ་མི་སྒེར་གྱི་ཆ་འཕྲིན་རག་པའི་རྗེས་སུ། ཆ་འཕྲིན་དེ་དག་སྤྱད་དེ། མི་སྒེར་གྱི་དངུལ་རྐུ་འཁྱེར་བྱེད་ཀྱི་ཡོད། དཔེར་ན། ཁྱེད་ཀྱི་དངུལ་ཁང་གི་ཆ་འཕྲིན་དང་གནས་ཚུལ་ཁག་བེད་སྤྱད་དེ། ཁྱེད་ཀྱི་ཧ་མ་གོ་བའམ། ཁྱེད་ཀྱི་ཆོག་མཆན་མེད་པའི་ཐོག་ནས་དྲ་ལམ་ནས་ཁྲིམས་འགལ་གྱི་ཉོ་ཚོང་སྣ་ཚོགས་བྱེད་པ་ལྟ་བུའོ།།

Leave a Reply

Your email address will not be published. Required fields are marked *