Google Pixel 9 ཁྱད་ཆོས།

ཀུ་ཤུ་བཟོ་ཚོང་ཁང་གི་ཁ་པར་ཐོན་༡༦ པའི་ནང་དུ་མིས་བཟོས་རིག་ནུས་ཀྱི་ཁྱད་ཆོས་གསར་པ་ཁ་སྣོན་བྱས་ཡོད་པ་བཞིན། གྷོ་གྷིལ་བཟོ་ཚོང་ཁང་གིས་ཀྱང་། Google Pixel 9 ནང་དུ་ཧ་ལས་དགོས་པའི་མིས་བཟོས་རིག་ནུས་ཀྱི་ཁྱད་ཆོས་ཁག་ཅིག་ཁ་སྣོན་བྱས་འདུག་པས། ང་ཚོས་ཁྱད་ཆོས་དེ་དག་ལ་རེ་རེ་བཞིན་དུ་ཞིབ་ཏུ་ལྟ་ཆོག

ང་ཁ་སྣོན་གྱི་ཁྱད་ཆོས།

ནམ་རྒྱུན་གྲོགས་པོ་ཁག་ཅིག་ཡུལ་སྐོར་ལ་འགྲོ་བའི་སྐབས་སུ། གྲོགས་པོ་ཚང་མའི་ནང་ནས་མི་གཅིག་པར་ལེན་མཁན་བྱས་ཏེ་གྲོགས་པོ་གཞན་དག་པར་ལེན་དགོས་ཀྱི་ཡོད་ལ། དེ་ནས་ཡང་གྲོགས་པོ་གཞན་ཞིག་པར་པ་བྱས་ནས་སྔོན་གྱི་པར་ནང་དུ་ཚུད་མེད་པའི་གྲོགས་པོ་དེ་པར་གྱི་ཚུད་པ་བྱེད་ཀྱི་ཡོད། ད་ཆ། ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་རྒྱབ་ལྗོངས་སུ་བཞག་སྟེ། གྲོགས་པོ་རེ་རེ་བཞིན་པར་བླངས་ཚེ། མིས་བཟོས་རིག་ནུས་ཀྱིས་པར་རེ་རེའི་ནང་གི་མི་ཚོ་པར་གཅིག་གི་ནང་དུ་བཅུག་སྟེ་མཉམ་པར་བཟོ་ཐུབ་ཀྱི་ཡོད།

མི་དང་ཅ་དངོས་གནས་སྤོར།

ཁྱེད་ཀྱིས་བླངས་པའི་པར་ཞིག་གི་ནང་དུ་ཐེབས་པའི་ཅ་དངོས་དང་མི་སོགས་ཀྱི་ས་ཆ་ལ་འགྱུར་བ་གཏོང་ཐུབ་ཀྱི་ཡོད། དཔེར་ན། མཉམ་པར་ནང་གི་གྲོགས་པོ་ཕན་ཚུན་གྱི་ལུས་པོའི་བར་ཐག་ལ་ཧེ་བག་ཆེན་པོ་ཡོད་ཚེ། རང་གིས་ཐད་ཀར་བསྒྱུར་བཅོས་གཏོང་ཆོག

པར་ནང་གི་ཅ་དངོས་ལ་ཞིབ་ལྟ།

ཁྱེད་ཀྱིས་བླངས་པའི་པར་ཞིག་གི་ནང་གི་ཅ་དངོས་བྱེ་བྲག་པ་ཞིག་ལ་ཞིབ་ཏུ་ལྟ་འདོད་ཚེ། ཅ་དངོས་དེ་ཆེ་རུ་བཏང་ནས་ཞིབ་ཏུ་ལྟ་ཐུབ་པ་མ་ཟད། རིག་ནུས་ཀྱིས་པར་གྱི་སྤུས་ཀ་རྩ་བ་ནས་ཇེ་ཞན་དུ་མི་གཏོང་།

འཆར་སྣང་མངོན་འགྱུར།

ང་ཚོའི་སེམས་ནང་དུ་འཆར་སྣང་སྣ་ཚོགས་ཡོད་ལ། མི་ལ་ལ་ཞིག་ལ་ལག་རྩལ་ཡོད་པས། རང་གི་སེམས་ནང་དུ་གང་འཆར་བ་དེ་རི་མོའི་ནང་དུ་མར་ཕབ་ཐུབ་ཀྱི་ཡོད། འོན་ཀྱང་། མི་ཕལ་ཆེ་བར་རི་མོ་འབྲི་བའི་ལག་རྩལ་མེད་པས། འཆར་སྣང་དེ་ཆུ་ནང་དུ་རྡོ་འཕངས་པའི་རྗེས་ཀྱི་ཆུ་གཉེར་ཙམ་ལས། ནམ་ཡང་མངོན་འགྱུར་བྱེད་ཐུབ་ཀྱི་ཡོད་མ་རེད། ད་ཆ་མིས་བཟོས་རིག་ནུས་ཀྱིས་འཆར་སྣང་དེ་མངོན་འགྱུར་བྱེད་ཐུབ་པ་བཟོས་ཡོད། ཁྱེད་ཀྱིས་སོ་སོའི་སེམས་ནང་དུ་ཡོད་པའི་རི་མོ་ཞིག་རིག་ནུས་ལ་འབྲི་བའི་སྐུལ་མ་བྱས་ཏེ། རིག་ནུས་ཀྱིས་དེ་མ་ཐག་ཏུ་ཁྱེད་ཀྱི་རེ་སྐུལ་ལྟར་རི་མོ་ཞིག་བྲིས་ནས་ཁྱེད་ལ་འབུལ་ངེས། རེ་སྐུལ་གྱི་ནང་དོན་ཇི་ལྟར་ཞིབ་ཕྲ་ཡིན་ན། རིག་ནུས་ཀྱིས་ཁྱེད་ལ་བྲིས་པའི་རི་མོ་དེ་ཙམ་གྱིས་དམིགས་བསལ་བ་ཞིག་ཡིན་ངེས།

པར་ནང་གི་ཅ་དངོས་གཙང་གསུབ།

ཁྱེད་ཀྱིས་བླངས་པའི་པར་ནང་དུ་མི་དགོས་པའི་ཅ་དངོས་དང་མི་སོགས་ཐེབས་ཡོད་ཚེ། དེ་དག་རང་གི་འདོད་མོས་ལྟར་གཙང་གསུབ་བྱེད་ཐུབ་ལ། པར་ནང་གི་མི་དང་ཅ་དངོས་སོགས་ཀྱི་ཚོན་མདོག་དང་འོད་མདངས་སོགས་ཀྱང་ཇེ་ཡག་ཏུ་གཏོང་ནུས།

ཁ་བརྡའི་ཟིན་བྲིས།

ཁྱེད་ཀྱིས་གྲོགས་པོ་ཞིག་ལ་ཁ་བརྡ་བྱེད་པའི་སྐབས་སུའམ། བརྗོད་གཞི་གལ་ཆེན་ཞིག་ཏུ་གྲོས་བསྡུར་བྱེད་སྐབས། རིག་ནུས་ཀྱི་སྒྲ་འཇུག་དང་ཡིག་སྒྱུར་གྱི་ནུས་པ་དེས་ཁ་བརྡའི་ནང་དོན་སྙིང་བསྡུས་ཟིན་བྲིས་འགོད་ཐུབ་ཀྱི་ཡོད་པས། རྗེས་སུ་གྲོས་བསྡུར་ནང་དོན་ཡོངས་རྫོགས་སེམས་ལ་མ་ངེས་ཚེ། དེ་མ་ཐག་རིག་ནུས་ཀྱིས་བཏབ་པའི་གྲོས་བསྡུར་གྱི་ཟིན་བྲིས་ལ་ལྟ་ཆོག

ཁྱད་ཆོས་འཕར་མ།

ངའི་སྲོག་སྐྱོབ་རོགས་ཞེས་པའི་ཁྱད་ཆོས།

ཁྱད་ཆོས་འདི་ནི་མིས་བཟོས་འཁོར་སྐར་ལ་བརྟེན་པའི་ཁྱད་ཆོས་ཤིག་ཡིན་ལ། དྲ་རྒྱ་དང་ཁ་པར་གྱི་བརྡ་རྟགས་སོགས་ཆད་པའི་གནས་སྐབས་སུ། ངའི་སྲོག་སྐྱོབ་རོགས་ཞེས་པའི་ཁྱད་ཆོས་དེ་བེད་སྤྱད་དེ་ཛ་དྲག་གི་ཞབས་ཞུ་བ་ཚོར་བརྡ་གཏོང་ཐུབ་ཀྱི་ཡོད། ཁྱད་ཆོས་འདི་ལོ་གཉིས་ཀྱི་རིང་ལ་རིན་མེད་ཐོག་མཁོ་སྤྲོད་བྱེད་རྒྱུ་རེད་འདུག

བཟང་ཆ།

  • པར་གྱི་སྤུས་ཚད་ལེགས།
  • རང་ཉིད་པར་ལེན་གྱི་པར་གྱི་སྤུས་ཀ་ཧ་ཅང་ལེགས།
  • རིག་ནུས་ཀྱི་ཁྱད་ཆོས་སྤྱོད་བདེ་བ་དང་སྤྱོད་སྒོ་ཆེ་བ།
  • འཆར་ངོས་ཧ་ཅང་གསལ་ཞིང་དྭངས།
  • གློག་གི་འདང་ཚད་བཟང་བ་དང་། གློག་གསོག་གི་ནུས་པ་ཧ་ཅང་མགྱོགས།
  • ལོ་ངོ་བདུན་གྱི་རིང་དུ་མ་ལག་གསར་སྣོན་བྱེད་ཐུབ།

སྐྱོན་ཆ།

  • ཁ་པར་གྱི་བྱེད་ནུས་རྒྱུན་ལྡན་ཡིན་པ།
  • གསོག་བྱང་འཕར་མ་གོང་ཆེ་བ།
  • བརྙན་གྱི་སྤུས་ཀ་དེ་ཙམ་ཚད་མཐོ་བོ་མེད་པ།
Leave a Reply

Your email address will not be published. Required fields are marked *