Safari བཤེར་ཆས་ནི། རང་ངོས་ཕབ་ལེན་བྱེད་མ་དགོས་པར། ཀུ་ཤུ་ཁ་པར་གྱི་ནང་དུ་དང་ཐོག་ནས་ཡོད་པའི་ཀུ་ཤུ་བཟོ་ཚོང་ཁང་གི་གཞུང་ཕྱོགས་ཀྱི་དྲ་རྒྱ་བཤེར་ཆས་དེ་ཡིན། ངས་དུས་རྒྱུན་དུ། དྲ་གྲོགས་ཚོར། དྲ་ཚིགས་འདྲ་མིན་ཁ་འབྱེད་པར། སྐད་འཕྲིན་མ་ཡིན་པའི་ཚད་ལྡན་གྱི་དྲ་རྒྱ་བཤེར་ཆས་ཤིག་དགོས་ཞེས་ནན་སྐུལ་བྱེད་ཀྱི་ཡོད་པ་བཞིན། ཀུ་ཤུ་ཁ་པར་ནང་གི་Safari བཤེར་ཆས་་དང་། ཨན་ཌོ་ཁ་པར་ནང་དུའང་བཀོལ་སྤྱོད་བྱེད་ཆོག་པའི་སེང་གདོང་དང་མེ་ཝ་དྲ་རྒྱ་བཤེར་ཆས་སོགས་ནི། འཛམ་གླིང་ནང་གི་དྲ་རྒྱ་བཤེར་ཆས་ཁུངས་བཙན་ཤོས་དང་། བདེ་འཇགས་ཀྱི་ཆ་ནས་ཚད་མཐོ་ཤོས་དེ་ཆགས་ཀྱི་ཡོད་སྟབས། ག་དུས་ཡིན་ཡང་། དྲ་ཚིགས་ཤིག་ཁ་འབྱེད་སྐབས། དྲ་རྒྱ་བཤེར་ཆས་འདི་དག་གི་ནང་དུ་ཁ་འབྱེད་ཐུབ་ན། སོ་སོའི་གསང་རྒྱ་དང་བདེ་འཇགས་ལ་ཕན་ཐོགས་ཆེ། གང་ཡིན་ཞེ་ན། དྲ་རྒྱ་བཤེར་ཆས་མང་པོ་ཞིག་གིས་ཁྱེད་ཀྱི་དྲ་སྟེང་གི་བྱེད་སྒོ་ཁག་ལ་སོ་ལྟ་དང་རྗེས་འདེད་གཏོང་གི་ཡོད།
དེ་རིང་འདིར་ཕྲན་གྱིས་ཀུ་ཤུ་བཟོ་ཚོང་ཁང་གིས་Safari བཤེར་ཆས་ཀྱི་ནང་དུ་ཁ་སྣོན་བྱས་པའི་ཁྱད་ཆོས་འཕར་མ་ཞིག་གི་སྐོར་ལ་གླེང་འདོད།
Safari བཤེར་ཆས་ནང་གི་ཁྱད་ཆོས་གསར་ཤོས་དེ་ནི་རྣམ་གཡེང་སྟངས་འཛིན་ཞེས་པ་དེ་ཡིན། ཁྱེད་ཀྱིས་Safari བཤེར་ཆས་བརྒྱུད་ནས་དྲྭ་ཚིགས་ཤིག་ལྟ་ཀློག་བྱེད་སྐབས། རྣམ་གཡེང་སྟངས་འཛིན་གྱི་ཁྱད་ཆོས་དེས་དྲ་ཚིགས་སྟེང་གི་རྣམ་གཡེང་སློང་བྱེད་ཀྱི་ཆ་ཤས་རྣམས་(དྲ་སྟེང་གི་འབྲེལ་མེད་ཀྱི་ཁྱབ་བསྒྲགས)རང་བཞིན་གྱིས་ཐོག་ནས་མེད་པར་བཟོ་གི་ཡོད་ལ། དྲ་ངོས་ཀྱི་རྣམ་པ་རང་གི་འདོད་མོས་ལྟར་ལེགས་སྒྱུར་བྱེད་དུ་འཇུག་གི་ཡོད།
གཟའ་འཁོར་འདིའི་ནང་དུ། ཀུ་ཤུ་བཟོ་ཚོང་ཁང་གིས་ ཀུ་ཤུ་ཁ་པར་གྱི་མ་ལག་iOS 18དང་། iPadOS 18 དེ་བཞིན་macOS Sequoia བཅས་ཀྱི་ནང་དུ་ཁྱད་ཆོས་དེའི་ཐོན་རིམ་སྔོན་མ་དེ་འགྲེམ་སྤེལ་དང་ཚོད་ལྟ་བྱེད་ཀྱི་ཡོད། འཛད་སྤྱོད་པ་ཚོས་འཚོལ་ཞིབ་ཁོངས་ཀྱི་དཀར་ཆག་གི་ནང་ནས་རྣམ་གཡེང་ཚོད་འཛིན་ལག་ཆ་དེ་རྙེད་ཐུབ་ལ། དེ་སྤྱད་ནས་དྲ་ཚིགས་གང་རུང་གི་སྟེང་ནས་མེད་པར་བཟོ་འདོད་པའི་ཆ་ཤས་རྣམས་འདེམས་སྒྲུག་བྱེད་ཐུབ་ཀྱི་ཡོད། ཁྱེད་རང་དྲ་ཚིགས་གང་དེ་ལ་རྗེས་ནས་བསྐྱར་དུ་ལྟ་ཀློག་བྱེད་སྐབས་ཆ་ཤས་དེ་དག་རང་བཞིན་གྱིས་ཐོག་ནས་མེད་པར་བཟོ་ངེས།
ཀུ་ཤུ་མ་ལག་་iOS 18་དང་བསྟུན་ནས། ཀུ་ཤུ་བཟོ་ཚོང་ཁང་གིས་ཀློག་འདོན་བྱེད་ཐབས་དང་ཡིག་གཟུགས་བཀོད་འདོམས་བྱེད་ཐབས་གསར་གཏོད་བྱས་པ་མ་ཟད། ད་དུང་། དེ་ལས་ལྷག་པའི་ཁྱད་ཆོས་གསར་པ་ཞིག་ནི། དྲ་ངོས་ཤིག་གི་སྟེང་ནས་གལ་ཆེའི་གནས་ཚུལ་རྣམས་མངོན་པར་གསལ་བར་བྱེད་ཅིང་། ལེ་ཚན་ཞིག་གི་དཔྱད་བརྗོད་བསྡུས་དོན་སོགས་མྱུར་དུ་སྟོན་ཐུབ་ཀྱི་ཡོད་པ་དེ་ཡིན།