iPhone 16 བསྐྱར་ཞིབ།

ཀུ་ཤུ་ཁ་པར་ཐོན 16 ཁག་གི་བཟོ་དབྱིབས་ཀྱི་ཇུས་འགོད་ཐད་ནས་བཤད་ན། ཀུ་ཤུ་ཁ་པར་ཐོན་སྔོན་མ་དང་བསྡུར་ན་འགྱུར་བ་ཆེན་པོ་བཏང་མེད་པས། དེ་ཙམ་ཁྱད་པར་ཆེན་པོ་མི་སྣང་རུང་། ད་ལོའི་ཁ་པར་འདི་ཡར་རྒྱས་ཆེན་པོ་བཏང་ཡོད་པའི་ཐོན་རིམ་ཞིག་ཡིན་པར་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད།

iPhone 16 ཁག་ནང་གི་སྐབས་བསྟུན་གསོག་ཆས་ཀྱི་ཚད་གཞི་ནི 8GB ཡིན། ཚད་གཞི་འདི་ནི་ཀུ་ཤུ་ཁ་པར་ཐོན་གསར་པའི་ནང་གི་མིས་བཟོས་རིག་ནུས་ཀྱི་ལག་ཆ་རྣམས་བཀོལ་སྤྱོད་བྱེད་པར་མཁོ་བའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན་པར་འདོད་ཀྱི་ཡོད།
ཀུ་ཤུ་ཁ་པར iPhone 16་ནང་དུ་A18 ཅན་གྱི་ཉིང་ལྷེབ་བཅུག་ཡོད་སྟབས། སྤྱིར་བཏང་གི་རྩིས་འཕྲུལ་ཞིག་གི་ནུས་པ་ལས་ལྡབ་ 30 ལས་མགྱོགས་པ་མ་ཟད། ཀུ་ཤུ་ཁ་པར་ཐོན 15 ཡི་ནང་གི་A16 ཉིང་ལྷེབ་ཀྱི་བྱེད་ལས་དང་བསྡུར་ན། ལྡབ་40 ལས་མགྱོགས་པ་ཡོད་ལ། ཉིང་ལྷེབ A18་དེ་ཀུ་ཤུ་ཁ་པར་ཐོན་གསར་པའི་ནུས་སྟོབས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

མདོར་བསྡུས་ནས་བཤད་ན། ད་ཐེངས་ཀྱི་iPhone 16 དེ་ཡར་རྒྱས་ག་ཚོད་བཏང་ཡོད་མེད་མཉེན་ཆས་དང་མཁྲེགས་ཆས་ཀྱི་ངོས་ཐད་ནས་ལྟ་དགོས་པ་ལས། ཕྱིའི་བཟོ་ལྟ་གཅིག་པུར་གཞིར་བཅོལ་མི་རུང་། ཀུ་ཤུའི་རིག་ནུས་ནི་མཉེན་ཆས་ཐད་ཀྱི་ཡར་རྒྱས་དང་པར་ཆས་ཚོད་འཛིན་ནི་མཁྲེགས་ཆས་ངོས་ཐད་ཀྱི་ཡར་རྒྱས་ཡིན།

ཀུ་ཤུའི་རིག་ནུས།

ཀུ་ཤུའི་རིག་ནུས་ཀྱི་ཁྱད་ཆོས་དེ་ནི་ཡིད་དབང་འཕྲོག་པ་ཞིག་ཡིན་ངེས་པ་ནི་བཤད་མ་དགོས་པ་ཞིག་ཡིན། དྲང་མོར་བཤད་ན། ཀུ་ཤུ་ཁ་པར་ནང་གི་རིག་ནུས་ཁྱད་ཆོས་དེ་ནི་ཁོང་ཚོས་གསར་གཏོད་བྱས་པ་གང་ཡང་མིན། འཛམ་གླིང་གི་མིས་བཟོས་རིག་ནུས་གྲགས་ཆེ་ཤོས་ཏེ། ChatGPT ཀུ་ཤུ་ཁ་པར་ནང་དུ་བླུགས་པ་ཙམ་ཡིན། རིག་ནུས་ཁྲོད་ཀྱི་དཔེ་མཚོན་གཅིག་བགྲངས་ན། ཁ་པར་གྱི་པར་ཆས་ནང་དུ་ཐེབས་པའི་ཅ་དངོས་གང་རུང་ཞིག་གི་སྐོར་གྱི་གནས་ཚུལ་ཆ་ཚང་རིག་ནུས་ཀྱིས་དེ་མ་ཐག་ཏུ་ཁྱེད་ལ་མཁོ་སྤྲོད་བྱེད་ནུས་པ་ལྟ་བུའི་ཧ་ལས་དགོས་པའི་ནུས་པ་ཡོད། ཡིན་ནའང་། རིག་ནུས་ཀྱི་ཁྱད་ཆོས་འདི་ད་དུང་ཡང་བཟོ་སྐྲུན་དང་ཡར་རྒྱས་གཏོང་བཞིན་པའི་གནས་སྐབས་སུ་ཡོད་པས། ཁ་པར་ཐོན་iPhone 16 ཁྲོམ་རར་སླེབས་མ་ཐག་ཁྱེད་ཀྱིས་འཕྲལ་དུ་ཁྱད་ཆོས་དེ་བཀོལ་རྒྱུ་མེད། ཀུ་ཤུའི་རིག་ནུས་ཀྱི་ཁྱད་ཆོས་འགའ་ཟླ་རྗེས་མར་ཚོད་ལྟ་བྱེད་རྒྱུ་ཡིན་པ་དང་། འགའ་ཤས་འདི་ལོའི་ལོ་མཇུག་དང་། ཡང་འགའ་ཤས་ལོ་རྗེས་མའི་མགོ་ལ་ཐོན་རྒྱུ་རེད།

པར་ཆས་ཚོད་འཛིན།

པར་ཆས་ཚོད་འཛིན་ལའང་ཧ་ལས་པའི་ནུས་པ་ཆེན་པོ་ཡོད་པར་ཚང་མས་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་། པར་ཆས་ཚོད་འཛིན་གྱི་ནུས་པ་ཡོངས་སུ་བེད་སྤྱོད་བྱེད་ཐུབ་པར་འཛད་སྤྱོད་པས་ངོས་ནས་རྩོལ་བ་དང་སྦྱོང་བརྡར་མང་པོ་བྱེད་དགོས། གང་ཡིན་ཞེ་ན། པར་ཆས་ཚོད་འཛིན་དེ་སྤྱིར་བཏང་གི་མཐེབ་གནོན་དཀྱུས་མ་ཞིག་མ་ཡིན་པར། དེས་མཛུབ་གནོན་ཐེངས་གཅིག་དང་། ཐེངས་གཉིས། ཡར་འདེད། མར་འདེད་ལ་སོགས་པའི་རེག་བྱའི་རྣམ་པ་སྣ་ཚོགས་རམ་འདེགས་བྱེད་ཀྱི་ཡོད།

གལ་ཏེ། ཁྱེད་ཀྱིས་ལོ་མང་གི་རིང་དུ་ཀུ་ཤུ་ཁ་པར་ཁོ་ན་བཀོལ་མྱོང་མཁན་ཞིག་ཡིན་ཚེ། ཀུ་ཤུ་བཟོ་ཚོང་ཁང་གིས་ཁ་པར་གྱི་ཕྱིའི་བཟོ་བཀོད་ཀྱི་ཐད་ལ་འགྱུར་བ་ཆེན་པོ་གཏོང་བ་ཧ་ཅང་དཀོན་པོ་ཡིན་པ་ཕལ་ཆེར་ཤེས་རྒྱུ་རེད། དཔེར་ན། ད་ཐེངས་ཀྱི་ཀུ་ཤུ་ཐོན་རིམ་འདིས་ལོ་ཤས་སྔོན་གྱི་ཀུ་ཤུ་ཁ་པར་གྱི་བཟོ་བཀོད་རྒྱུན་སྐྱོང་བྱས་ཡོད་པ་གསལ་པོ་མཐོང་ཐུབ། འོན་ཀྱང་། ཤེས་དགོས་པ་ཞིག་ནི། ཀུ་ཤུ་ཁ་པར་Phone 16 ཕྱིའི་བཟོ་བཀོད་ཀྱི་སྤུས་ཀ་དང་ཞིབ་ཆ་ཁ་པར་གཞན་ལས་ཁྱད་དུ་འཕགས་པ་ཞིག་བཟོས་ཡོད། ཕྱིའི་བཟོ་བཀོད་ཀྱི་ཆ་ནས། ཀུ་ཤུ་ཁ་པར་iPhone 15 བེད་སྤྱོད་གཏོང་མཁན་ཚོར་ཡིད་འགུག་གི་ཚོར་བ་ཞིག་མི་སྟེར་སྲིད་ཀྱང་། ཀུ་ཤུ་ཐོན་སྔ་མ་བཀོལ་མཁན་ཚོས་རྗེས་སུ་ཡི་རངས་བྱེད་ངེས།

iPhone 16
བོངས་ཚད།147.6 x 71.6 x 7.8mm
ལྗིད་ཚད།170g
འཆར་ཤེལ།6.1-inch OLED
ཉིང་ལྷེབ།A18
རྒྱབ་ཀྱི་པར་ཆས།48MP main, 12MP ultra-wide
མདུན་གྱི་པར་ཆས།12MP (f/1.9)
ཤོངས་ཚད། 128GB, 256GB, 512GB

གསལ་འདེབས། དོན་དངོས་སུ་བཤད་ན། ཀུ་ཤུ་ཁ་པར་ཐོན་16 and 16 Pro གཉིས་ཀའི་གློག་རྫས་ཀྱི་འདང་ཚད་དང་འཆར་ཤེལ་གྱི་ཆེ་ཆུང་ལ་ཁྱད་པར་ཕྲན་ཙམ་ཡོད་པ་མ་གཏོགས། ཁ་པར་རིགས་གཉིས་ཀར་48MP ཤུགས་ཚད་ཡོད་པའི་པར་ཆས་དང་། པར་ཆས་ཚོད་འཛིན་གྱི་མཐེབ་གནོན། ཀུ་ཤུའི་རིག་ནུས་སོགས་ཀྱི་ཆ་རྐྱེན་གཅིག་མཚུངས་ཡོད་པས། ཁ་པར་སྤྱོད་མཁན་མི་དཀྱུས་མ་ཞིག་ལ་མཚོན་ན། ཁ་པར་འདི་གཉིས་ཀར་ཧ་ལམ་ཁྱད་པར་མེད་པ་ལྟ་བུ་ཞིག་ཡིན། གལ་ཏེ། ཁྱེད་རང་སྒོར་མོ་གྲོན་ཆུང་བྱེད་མཁན་ཞིག་ཡིན་ན། ཀུ་ཤུ་16 ཉོས་ན། དམངས་སྒོར་སྟོང་ཕྲག་ལྷག་བསྲི་ཚགས་བྱེད་ཐུབ།

བཟང་ཆ།

  • པར་ཆས་ཚོད་འཛིན་གྱི་ཁྱད་ཆོས་ཁྱད་དུ་འཕགས།
  • བྱ་འགུལ་མཐེབ་གནོན་གྱི་བྱེད་ལས་བཟང་།
  • A18 ཉིང་ལྷེབ་ཀྱི་ནུས་སྟོབས་ཆེ།
  • ཀུ་ཤུ་རིག་ནུས་ཀྱི་ཁྱད་ཆོས་ལེགས།
  • གློག་རྫས་ཀྱི་འདང་ཚད་ཡར་རྒྱས་བཏང་ཡོད།

ཞན་ཆ།

  • གློག་གསོག་གི་མགྱོགས་ཚད་ཅུང་དལ།
  • བཟོ་བཀོད་ལ་འགྱུར་བ་ཆེན་པོ་མེད།
Leave a Reply

Your email address will not be published. Required fields are marked *