ཀུ་ཤུ་ཁ་པར་ཐོན་15 རྫུན་མ།

ད་ཆ་མི་མང་པོ་ཞིག་གིས་ཀུ་ཤུ་ཁ་པར་ཐོན་15་པ་ཉོ་བར་བྲེལ་བ་བྱེད་ཀྱི་ཡོད་ལ། དུས་མཚུངས་སུ། ཁ་པར་རྫུན་མ་དང་ངོ་མའི་ཁྱད་པར་འབྱེད་མ་ཐུབ་པར་ལུས་ནས་བསྡད་ཡོད།
དེ་བས། དེ་རིང་གི་རྩོམ་ཡིག་འདིའི་ནང་དུ། ཀུ་ཤུ་ཁ་པར་ཐོན་༡༥་པ་ངོ་མ་ཡིན་མིན་ཇི་ལྟར་རྩད་ཞིབ་བྱེད་དགོས་མིན་སྐོར་རོབ་ཙམ་གླེང་རྒྱུ་ཡིན།

རིན་གོང་། 

ཀུ་ཤུ་ཁ་པར་ཐོན་15་པ་ནི། ཀུ་ཤུ་བཟོ་ཚོང་ཁང་གིས་ལག་རྩལ་ཚད་མཐོ་ཤོས་བཀོལ་ཏེ་བཟོས་པའི་ཐོན་རྫས་གསར་ཤོས་དེ་ཡིན་པས། ཁ་པར་དེའི་རིན་གོང་མཐོ་བོ་ཡོད། དེ་བས། ཚོང་ཁང་ཞིག་གིས་ཀུ་ཤུ་ཁ་པར་ཐོན་15་པ་དེ་རིན་གོང་དམའ་བོའི་ཐོག་ནས་བཙོང་གི་ཡོད་ཚེ། དེ་ནི་དོགས་པ་བྱེད་དགོས་པའི་གཞི་ཡིན་པ་གོར་མ་ཆག དེ་བས། ཀུ་ཤུ་ཁ་པར་ངོ་མ་ཞིག་ཉོ་འདོད་ཚེ། རྒྱལ་ནང་གི་ཀུ་ཤུ་ཁ་པར་གྱི་ཚོང་ཁང་དུ་དངོས་སུ་བསྐྱོད་དེ་ཉོ་རྒྱུའམ། ཀུ་ཤུ་བཟོ་ཚོང་ཁང་གིས་ཆོག་མཆན་ཐོབ་པའི་ཚོང་ཁང་ཁོ་ན་ནས་ཉོ་དགོས།

ཕྱི་གཟུགས། 

ཁ་པར་རྫུན་མ་ཡིན་མིན་དེ། སོ་སོས་ལག་པས་རེག་མྱོང་ཞིབ་མོ་བྱས་ན་ཚོར་ཐུབ་པ་ཞིག་ཡིན། གང་ཡིན་ཞེ་ན། ཁ་པར་བཟོ་སྐྲུན་གྱི་ཐད་ནས་ཞིབ་ཚགས་ཡིན་མིན་ལ་ཁྱད་པར་ཡོད་པས། ཁ་པར་གྱི་ཟུར་གདོང་ལ་ཞིབ་ཏུ་བལྟས་ན་ཚོར་ཐུབ།

ཁ་པར་རྫུན་མའི་ལྗིད་ཚད་ཀྱང་ཁ་པར་ངོ་མ་དང་བསྡུར་ན་ཡང་བ་ཡོད། ཁ་པར་གློག་སྒོ་ཕྱེ་སྟེ་འཆར་ངོས་མངོན་ཡོང་དུས། འཆར་ངོས་ཀྱི་གསལ་ཚད་དང་དྭངས་ཆ་ལ་ཁྱད་པར་ཡོད། པར་ཆས་མདུན་རྒྱབ་གཉིས་ཀྱི་སྤུས་ཀ་ལའང་བརྟག་ཆོག དེ་མ་ཟད། ཁ་པར་འཆར་ངོས་ཀྱི་པར་རིས་སོ་སོས་འདེམས་སྒྲུག་བྱས་ཏེ་སྒྲིག་བཀོད་བྱེད་ཆོག་པ་བཞིན། ཁ་པར་ཐོན་གསར་པ་ངོ་མའི་ནང་དུ། པར་རིས་ཀྱི་གདམ་གསེས་ཧ་ཅང་མང་པོ་ཡོད།

མཉེན་ཆས།

ཀུ་ཤུ་ཁ་པར་རྫུན་མའི་ཉེར་སྤྱོད་མ་ལག(iOS 17.0.3)་དེ་ཁ་པར་ངོ་མ་དང་ཆ་འདྲ་ངེས་ཀྱང་། གཅིག་མཚུངས་མིན་པས་ཞིབ་ཏུ་བརྟག་ཆོག  དེ་མ་ཟད། ཀུ་ཤུ་ཁ་པར་ངོ་མའི་ནང་དུ། དང་ཐོག་ནས་ནང་འཇུག་བྱས་ཡོད་པའི་མཉེན་ཆས་ཁག་ཅིག་ཡོད་པ་དཔེར་ན། GarageBand, iMovie, Numbers, Pages སོགས། ཁ་པར་རྫུན་མའི་ནང་དུ་རྙེད་མི་ཐུབ། ཁ་པར་གྱི་འཆར་ངོས་སུ་མཉེན་ཆས་དེ་དག་མེད་ཚེ། ཀུ་ཤུ་བིམ་མཛོད་ཀྱི་ནང་དུ་ཕེབས་ཏེ། མཉེན་ཆས་དེ་དག་ཕབ་ལེན་བྱེད་རྒྱུ་ཡོད་མེད་ལྟ་དགོས། ཕབ་ལེན་བྱེད་རྒྱུ་མེད་ན་རྫུན་མ་ཡིན་པའི་རྟགས་རེད།

ཁ་པར་གྱི་ཐུན་མིན་ཨང་གྲངས། (རྒྱལ་སྤྱིའི་ཁ་པར་ཡོ་ཆས་ཀྱི་ཨང་རྟགསIMEI)

རྒྱལ་སྤྱིའི་ཁ་པར་ཡོ་ཆས་ཀྱི་ངོ་རྟགས (IMEI) ནི། ལག་ཐོགས་ཁ་པར་ངོས་འཛིན་བྱེད་སྤྱད་ཀྱི་ཐུན་མོང་མ་ཡིན་པའི་ཨང་གྲངས་ཤིག་ཡིན། ཨང་གྲངས་དེ་ཁ་པར་གྱི་ཤོག་སྒམ་གྱི་རྒྱབ་དང་། ཁ་པར་སྒྲིག་འགོད་ཀྱི་ནང་དུ་རྙེད་ཐུབ།

རྒྱལ་སྤྱིའི་ཁ་པར་ཡོ་ཆས་ཀྱི་ཨང་རྟགསIMEI སྐོར་རྒྱས་པ་མཁྱེན་འདོད་ཚེ། འདིར་ནོན།

ཁ་པར་རྫུན་མ་ཡིན་མིན། ཤོག་སྒམ་གྱི་རྒྱབ་ངོས་སུ་ཡོད་པའི་IMEI དང་ཁ་པར་གྱི་སྒྲིག་འགོད་ཀྱི་ནང་དུ་ཡོད་པའི་IMEI་གཉིས་ཀ་གཅིག་མཚུངས་ཡིན་མིན་ལྟ་དགོས།

གཅིག་བྱས་ན། དེང་སང་གི་ཁ་པར་རྫུན་མའི་ནང་དུ། IMEI་ངོ་མའི་འདྲ་བཤུས་ཤིག་བྲིས་ཡོད་སྲིད་པས། བདེན་རྫུན་དབྱེ་བ་འབྱེད་རྒྱུ་དཀའ་ངལ་ཆེ་བས། རང་ཉིད་ཀྱི་ཁ་པར་ནང་གི་ཁ་པར་གྱི་ཨང་གྲངས་གཏགས་ས་དེར་། *#06# གཏགས་ཚེ། ཁྱེད་ཀྱི་ཁ་པར་གྱི་རྒྱལ་སྤྱིའི་ཁ་པར་ཡོ་ཆས་ཀྱི་ཨང་རྟགསIMEI སྟོན་ངེས་པས། ཨང་གྲངས་དེ་དང་སྒྲིག་འགོད་ནང་གི་IMEI་དང་ཤོག་སྒམ་ཐོག་གི་IMEI གསུམ་ཀ་ཕན་ཚུན་བསྡུར་ནས་གཅིག་མཚུངས་ཡིན་མིན་ལྟ་དགོས།

ཤོག་སྒམ་རྒྱབ་ངོས་ཀྱི་གསང་བ། 

གལ་ཏེ། ཁྱེད་ཀྱིས་ཀུ་ཤུ་ཁ་པར་གྱི་ཤོག་སྒམ་གྱི་རྒྱབ་ངོས་ཀྱི་སྟེང་འོག་གཉིས་ཀར། སྨུག་ཕྱིའི་གློག་སྒྲོན་(紫外光线)ཞིག་སྤར་ཚེ། ཁ་པར་ངོ་མའི་ཤོག་སྒམ་རྒྱབ་ཀྱི་སྟེང་ཕྱོགས་སུ། ཀུ་ཤུའི་རྟགས་དང་iPhone ད་དུང་། བཤེར་རིས་ཤིག་སྦས་ཡོད་པ་མཐོང་ཐུབ་ལ། འོག་ཕྱོགས་སུའང་བཤེར་རིས་ཤིག་མཐོང་ཐུབ། ཁ་པར་རྫུན་མའི་ཤོག་སྒམ་ཐོག་ཏུ་དེ་དག་མཐོང་མི་ཐུབ་སྐད།

དྲ་ཐོག་གི་ཉེས་ཅན་པ་ཚོས། ཀུ་ཤུ་ཁ་པར་གྱི་ཐོན་གསར་ཤོས་དེ་དྲ་ཐོག་ཏུ་འཚོང་འགོ་བཙུགས་ཡོད་པས། རང་ཉིད་ལ་གནོད་འཚེ་མ་ཕོག་པའི་ཆེད་དུ། གལ་ཆེ་ཤོས་ནི་དྲ་ཐོག་ནས་མངགས་ཉོ་བྱེད་མི་རུང་།

རྒྱལ་ནང་གི་ཚད་ལྡན་གྱི་ཀུ་ཤུ་ཁ་པར་བཙོང་ས་ཁག

Leave a Reply

Your email address will not be published. Required fields are marked *