ཞིབ་བཤེར་ས་ཚིགས་དང་། བཀག་ཉར། ཁ་པར་བཙན་འཕྲོག་དང་གཞུང་བཞེས་སོགས་ལ་མ་འོངས་སྔོན་དཔག་གི་གྲ་སྒྲིག
ཁྱེད་རང་ཉེན་ཁའི་ནང་དུ་ལྷུང་ཡོད་པའམ། ཡང་ན། ཁྱེད་ཀྱིས་རྣོ་ངར་ལྡན་པའི་ཆ་འཕྲིན་་དང་ཡིག་ཆ་སོགས་ཉར་ཚགས་བྱས་ཡོད་ཚེ། ཡིག་ཆ་དེ་དག་རང་ཉིད་ཀྱི་ཁ་པར་ནང་ནས་གཙང་གསུབ་བྱེད་པ་དང་། དུས་རྟག་ཏུ་ཁ་པར་རང་ཉིད་དང་ལྷན་དུ་མི་འཁྱེར་བ་ལ་སོགས་པའི་གནོད་འཚེ་སྔོན་འགོག་གི་བྱེད་ཐབས་ཁག་ལ་དམིགས་བསལ་གྱིས་དོ་སྣང་བྱེད་དགོས།
ཞིབ་བཤེར་ས་ཚིགས་ཀྱི་བསྔོག་བཤེར་དང་ཁ་པར་བཙན་འཕྲོག་སོགས་ལ་གྲ་སྒྲིག་་ཇི་ལྟར་བྱེད་དགོས།
ཁ་པར་བཙན་འཕྲོག་བྱས་པ་ལ་བརྟེན་ནས་འཕྲད་སྲིད་པའི་ཉེན་ཁ་ཆུང་དུ་གཏོང་ཐབས་སུ། ཁྱེད་ཀྱིས་གཤམ་དུ་གསལ་བའི་སྔོན་ཚུད་ཀྱི་བྱེད་ཐབས་འདི་དག་སྤྱད་ཆོག
གལ་ཏེ། ཁྱེད་རང་རྗེས་ཕྱོགས་རང་ཉིད་ལ་དཀའ་ངལ་བཟོ་སྲིད་པའི་བྱ་འགུལ་དང་བྱེད་སྒོ་ཁག་གི་ནང་དུ་ཞུགས་ཀྱི་ཡོད་ཚེ། ཁ་པར་རང་ཉིད་དང་ལྷན་དུ་འཁྱེར་ནས་མ་འགྲོ་རོགས། གལ་ཏེ་ཁྱེད་ཀྱི་ཁ་པར་གཞན་གྱིས་བཙན་འཕྲོག་བྱས་ཚེ། དེའི་ནང་དུ་ཉར་ཚགས་བྱས་ཡོད་པའི་ཡིག་ཆའམ་གཞི་གྲངས་ཁག་གིས། ཁྱེད་ལ་དཀའ་ངལ་བཟོ་སྲིད་དོ།། ཟབ་སྦྱོང་གི་སྐབས་སུ། འགྲེལ་བཤད་བསྐྱོན་ཟིན་པ་བཞིན། ཁ་པར་བརྒྱུད་ནས་ཁྱེད་རང་གི་སྡོད་གནས་ངོས་འཛིན་དང་རྗེས་འདེད་གཏོང་ཐུབ་པ་བཞིན། ཁྱེད་ཀྱི་ཁ་པར་དེ་གཞན་གྱིས་ཁྱེད་རང་བྱ་འགུལ་དང་བྱེད་སྒོ་གང་རུང་གི་ནང་དུ་དངོས་སུ་ཞུགས་ཡོད་པའི་དཔང་རྟགས་སུ་སྤྱོད་ངེས་པས། ག་དུས་ཡིན་ཡང་། ཁ་པར་བརྒྱུད་ནས་་ཁྱེད་རང་རྗེས་འདེད་གཏོང་ཐུབ་ཀྱི་ཡོད་པ་དེ་ཡིད་ལ་དྲན་པར་བྱེད་དགོས།
སོ་སོའི་ཁ་པར་ནང་དུ་ཡིག་ཆ་གང་དག་ཡོད་མེད་ཤེས་དགོས།
- ཁ་པར་ནང་གི་གཞི་གྲངས་དོ་དམ།
- ཁ་པར་ནང་གི་ཡིག་ཆ་ཁག་སྤྲིན་མཛོད་ཀྱི་ནང་དུ་ཉར་ཚགས་བྱེད་ཆོག་ཀྱང་། དེའི་ནང་དུ་ཉར་ཚགས་བྱས་ན། ཡིག་ཆ་དོ་དམ་གྱི་བདག་དཔག་སྤྲིན་མཛོད་ཀྱི་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་གྱི་བཟོ་ལས་ཁང་གི་ལག་པར་ཤོར་འགྲོ་བས། རང་ཉིད་ཀྱི་ཁ་པར་སྤྲིན་མཛོད་ལ་མ་སྦྲེལ་ན་ལེགས།
- ཁ་པར་ནང་གི་གཞི་གྲངས་དོ་དམ་བྱེད་སྟངས་ཀྱི་ལམ་ཁ་ཡག་ཤོས་ནི། མི་དགོས་པའི་གཞི་གྲངས་དང་། རྣོ་ངན་ལྡན་པའི་གཞི་གྲངས་ཁག་ཁ་པར་ནང་ནས་གཙང་གསུབ་བྱེད་རྒྱུ་དེ་ཡིན།
- སོ་སོར་གནོད་པ་སྐྱེལ་སྲིད་པའི་ཡིག་ཆ་ཡོད་དོ་ཅོག་ཁ་པར་ནང་ནས་གཙང་གསུབ་བྱོས། ཡིག་ཆ་དེ་དག་གི་ཁོངས་སུ། པར་མཛོད་ནང་གི་བརྙན་དང་པར། འཕྲིན་ཐུང་། སྐད་འཕྲིན་ལྟ་བུའི་མཉེན་ཆས་ཁག་ནང་གི་གླེང་མོལ་གྱི་ལོ་རྒྱུས། (འཕྲིན་པ་དང་། སྐད། པར། འབྲེལ་ཐག བརྙན། དེ་མིན་གྱི་ཡིག་ཆ་སོགས) ཁ་པར་ནང་གི་ཕབ་ལེན་གྱི་ཡིག་སྒམ་ནང་དུ་ལྷག་ཡོད་པའི་ཕབ་ལེན་བྱས་པའི་ཡིག་ཆ་སོགས་འདུས་ཡོད།
- ཁྱེད་ཀྱིས་སྤྲིན་མཛོད་ཀྱི་ནང་དུའང་ཡིག་ཆ་ཉར་ཚགས་བྱེད་ཆོག་སྟབས། དྲ་སྟེང་གི་སྤྲིན་མཛོད་དང་ཁ་འབྲལ་སྐབས། སྤྲིན་མཛོད་ཀྱི་ཐོ་ཁོངས་ནས་ཕྱིར་ཐོན་དགོས།
ལག་ལེན་ཡག་ཤོས་ཁག་རྒྱུན་འཁྱོངས་བྱོས།
- ཁ་པར་ལ་གསང་གྲངས་བརྟན་པོ་ཞིག་བཟོས།
- སོ་སོའི་ཁ་པར་ལ་གཞན་གྱིས་ལས་སླ་པོའི་ཐོག་ནས་གཏོར་མི་ཐུབ་གསང་གྲངས་བརྟན་པོ་ཞིག་བཟོ་དགོས། ཁ་པར་ཁ་འབྱེད་པར། མཛུབ་རིས་དང་གདོང་རིས་ངོས་འཛིན་གྱི་ཐབས་ལམ་མ་བཀོལ། གང་ཡིན་ཟེར་ན། མི་གཞན་གྱིས་བཙན་ཤེད་ནས་ཐོག་ནས་ཁྱེད་ཀྱི་མཛུབ་རིས་དང་གདོང་རིས་སྤྱོད་སྲིད།
- ཁྱེད་ཀྱི་ཁ་པར་གསང་སྡོམ་བྱེད་དགོས། དེ་ལྟར་བྱས་ན་ཁ་པར་ནང་གི་གཞི་གྲངས་ཁག་སྲུང་སྐྱོབ་བྱེད་ཐུབ།
- དྲ་རྒྱ་བཤེར་ཆས་ནང་གི་དྲ་མྱུལ་གྱི་ལོ་རྒྱུས་གཙང་གསུབ་བྱེད་དགོས།
ཞིབ་བཤེར་ས་ཚིགས་སུ་ཐོལ་བྱུང་གི་བསྔོག་བཤེར་བྱེད་སྐབས་སུ་འབྱུང་སྲིད་པའི་དོན་རྐྱེན་ཁག
ཐོལ་བྱུང་གི་བསྔོག་བཤེར་རིགས་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་ལ། ལྷག་པར་དུ། དུས་ཆེན་གལ་ཆེན་ཁག་གི་སྐབས་སུ། མི་སྒེར་གྱི་ཁ་པར་བསྔོག་བཤེར་བྱེད་ཀྱི་ཡོད་པའི་གནས་ཚུལ་རིགས་འདས་པའི་ལོ་ཤས་ཀྱི་ནང་དུ་ང་ཚོས་མང་པོ་གོ་མྱོང་ཡོད།
ཁ་པར་ཐོལ་བྱུང་དུ་བསྔོག་བཤེར་བྱེད་པའི་དུས་སྐབས་སུ བདེ་འཇགས་ཉེན་རྟོག་མི་སྣས་ཁྱེད་རང་ཞིབ་བཤེར་ས་ཚིགས་དང་། ཁྱེད་རང་གི་སྡོད་གནས། ཡང་ན། ལམ་འགྲམ་གང་རུང་དུ་བཀག་འགོག་བྱས་ཏེ། ཁོང་ཚོས་འཚོལ་ཞིབ་བྱེད་བཞིན་པའི་གནས་ཚུལ་རིགས་ཁྱེད་ཀྱི་ཁ་པར་ནང་དུ་ཡོད་མེད་རྩད་གཅོད་དང་ཞིབ་བཤེར་བྱེད་ངེས།
དུས་སྐབས་མང་ཆེ་བར། བདེ་འཇགས་ཉེན་རྟོག་མི་སྣས་ཁྱེད་ཀྱི་ཁ་པར་རང་སྟེང་དུ་ཉར་ཚགས་བྱས་ཡོད་པའི་ཡིག་ཆ་ཁག་ལ་ཞིབ་བཤེར་བྱེད་ངེས། དེ་དག་གི་ཁོངས་སུ། འཕྲིན་ཐུང་དང་། པར་རིས། ཁྱེད་ཀྱིས་བཀོལ་སྤྱོད་བྱེད་བཞིན་པའི་མཉེན་ཆས་ཁག ཁྱེད་ཀྱིས་ལྟ་ཀློག་བྱས་པའི་དྲ་ཚིགས་སོགས་འདུས་ཡོད། ཁོང་ཚོས་ཁྱེད་ཀྱི་མིག་མདུན་དུ་ཞིབ་བཤེར་བྱེད་ངེས་པས། ཁོང་ཚོས་ག་རེ་བཙལ་ཡོད་མེད་དང་ཇི་ལྟར་འཚོལ་བཤེར་བྱས་ཡོད་མེད་སོགས་ཁྱེད་ཀྱིས་ཤེས་ཐུབ།
གལ་ཏེ། བདེ་འཇགས་མི་སྣས་ཁྱེད་ཀྱི་ཁ་པར་གྱི་ནང་དུ་མཉེན་ཆས་གང་རུང་ནང་འཇུག་བྱེད་ཀྱི་ཡོད་པའམ། ཁྱེད་ཀྱི་དྲ་རྒྱ་བཤེར་ཆས་ཀྱི་ནང་དུ་དྲ་ཚིགས་ཤིག་ཁ་འབྱེད་ཀྱི་ཡོད་པ། ཡང་ན། ཁྱེད་ཀྱི་ཁ་པར་སྟེང་དུ་དོགས་གཞི་ཅན་གྱི་ལས་ཀ་ཞིག་བྱེད་ཀྱི་ཡོད་པ་ཁྱེད་ཀྱིས་དངོས་སུ་དོ་སྣང་བྱུང་ཚེ། ཁོང་ཚོས་མ་འོངས་པར་ཁྱེད་ཀྱི་ཁ་པར་བེད་སྤྱད་དེ་ཁྱེད་རང་གི་ཐོག་ཏུ་གསང་མྱུལ་དང་སོ་ལྟ་བྱེད་ངེས་པའི་ཚོད་དཔག་བྱེད་ཆོག
གཤམ་དུ་ཁ་པར་གྱིས་ཁྱེད་ལ་གསང་མྱུལ་བྱེད་ཀྱི་ཡོད་མེད་ཤེས་ཐབས་ཀྱི་ལམ་སྟོན་ཁག་གསལ་ཡོད།
ཁ་པར་བཙན་འཕྲོག་དང་གཞུང་བཞེས་གཏོང་སྐབས་སུ་འབྱུང་སྲིད་པའི་དོན་རྐྱེན་ཁག
སྲིད་གཞུང་གི་དབང་འཛིན་མི་སྣས་ཁྱེད་ཀྱི་ཁ་པར་བཙན་འཕྲོག་དང་གཞུང་བཞེས་གཏོང་སྐབས། ཁྱེད་ཀྱི་ཁ་པར་གྱི་གསང་གྲངས་དང་གསང་སྡོམ་སོགས་ཀྱིས་ཁྱེད་རང་སྲུང་སྐྱོབ་བྱེད་མི་ནུས།
གནས་སྟངས་དེ་འདྲའི་ཁྲོད་དུ། དམངས་གཙོ་མིན་པའི་རྒྱལ་ཁབ་ཀྱི་ནང་དུ་ཁྱེད་ལ་ཁྲིམས་ཐོག་གི་ཐོབ་ཐང་ཧ་ལམ་གང་ཡང་མེད།
ཁོང་ཚོས་གཞུང་བཞེས་བཏང་བའི་ཁྱེད་ཀྱི་ནང་གི་ཡིག་ཆ་ཆ་ཚང་ལ་ཞིབ་ལྟ་བྱས་ཡོད་པ་མ་ཟད། ཁ་པར་ནང་གི་པར་དང་བརྙན་སོགས་ཕྱིར་འདྲེན་བྱས་ཏེ་ཕྱོགས་བསྡུས་དང་ཉར་ཚགས་ཡོད་པར་ཁྱེད་ཀྱིས་ངོས་འཛིན་དང་ཚོད་དཔག་བྱེད་ཆོག
ཁོང་ཚོས་ཁྱེད་ཀྱི་ཁ་པར་ནང་གི་པར་རིས་དང་པར་རིས་དེ་དག་རྒྱུའི་གཞི་གྲངས་དབྱེ་ཞིབ་བྱས་པའི་ཐོག་ནས་པར་དེ་ལེན་སྐབས་ཀྱི་དུས་ཚོད་དང་ཁྱེད་ཀྱི་སྡོད་གནས། ད་དུང་དེ་མིན་གྱི་གནས་ཚུལ་མང་པོ་ཤེས་ཐུབ་ཀྱི་ཡོད།
ཁོང་ཚོས་ཁྱེད་ཀྱི་ཁ་པར་ནང་དུ་དྲ་ཚིགས་གང་དག་ལ་ལྟ་ཀློག་བྱས་ཡོད་མེད་དང་། ཁ་པར་ནང་དུ་ཉར་ཚགས་བྱས་ཡོད་པའི་དྲ་སྟེང་གི་ཐོ་ཁོངས་སུ་འཛུལ་བྱེད་ཀྱི་མིང་དང་གསང་གྲངས་་ཁག་ཕྱོགས་བསྡུས་དང་ཉར་ཚགས་ཡོད་པར་ཁྱེད་ཀྱིས་ངོས་འཛིན་དང་ཚོད་དཔག་བྱེད་ཆོག ཁོང་ཚོས་བསྡུ་ལེན་བྱས་པའི་གནས་ཚུལ་དེ་དག་བེད་སྤྱད་དེ་ཁྱེད་ལ་ནག་ཉེས་འཛུགས་སྲིད།
ཁོང་ཚོས་ཁྱེད་ཀྱི་ཁ་པར་ནང་གི་གླེང་མོལ་གྱི་མཉེན་ཆས་ཁག་གི་ནང་དུ་མི་སུ་དག་ལ་འབྲེལ་བ་བྱས་ཡོད་མེད་དང་། ཁ་བརྡ་ག་རེ་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཁག་ཀྱང་བསྡུ་ལེན་བྱས་ཚར་ཡོད་པར་ཁྱེད་ཀྱིས་ངོས་འཛིན་དང་ཚོད་དཔག་བྱེད་ཆོག་ལ། ཁོང་ཚོས་གནས་ཚུལ་དེ་དག་བེད་སྤྱད་དེ་ཁྱེད་ལ་ནག་ཉེས་འཛུགས་སྲིད།
ཁོང་ཚོས་ཁྱེད་ཀྱི་ཁ་པར་གྱི་ཐུན་མོང་མ་ཡིན་པའི་རྒྱལ་སྤྱིའི་ཨང་རྟགས(IMEI )དང་བྱང་བུའི་ཨང་རྟགས (IMSI)གཉིས་ཀའི་གནས་ཚུལ་བསྡུ་རུབ་བྱས་ཡོད་པར་ངོས་འཛིན་བྱེད་ཆོག་ལ། དེ་དག་བེད་སྤྱད་དེ་ཁྱེད་ཀྱི་འགུལ་སྐྱོད་ཡོངས་རྫོགས་ལ་རྗེས་འདེད་གཏོང་སྲིད།
ཁོང་ཚོས་ཁྱེད་ཀྱི་ཁ་པར་ནང་གི་སྐད་འཕྲིན་གྱི་ཨང་གྲངས་བསྡུ་རུབ་བྱས་ཡོད་པའི་ཚོད་དཔག་བྱེད་ཆོག་ལ། དེ་བེད་སྤྱད་དེ་འབྲེལ་ཡོད་བཟོ་ལས་ཁང་ལ་རེ་སྐུལ་ཞུས་ཏེ། ཁྱེད་ཀྱི་ཁ་པར་ནང་གི་བྱེད་སྒོ་ཡོངས་རྫོགས་ལ་བྱ་ར་བྱེད་སྲིད། དེ་མ་ཟད། ཁྱེད་ཀྱི་ཁ་པར་ནང་དུ། ཁྱེད་ཀྱི་འགྲོ་འདུག་སྤྱོད་གསུམ་གྱི་ཐོག་ཏུ་གསང་ཉུལ་བྱེད་སྤྱད་ཀྱི་མཉེན་ཆས་དེ་འདྲ་ནང་འཇུག་བྱས་ཡོད་སྲིད།
མདོར་བསྡུས་ན། ཁྱེད་ཀྱིས་སོ་སོའི་ཁ་པར་ནང་དུ་བཀོལ་སྤྱོད་བྱས་པའི་གནས་ཚུལ་དང་གཞི་གྲངས་ཁག ཁོང་ཚོས་ཁྱེད་ལ་གནོད་པ་སྐྱེལ་བའི་ཆེད་དུ་བཀོལ་སྲིད་་པས། དུས་རྒྱུན་དུ་འཕྲུལ་རིག་བདེ་འཇགས་ཀྱི་གཞི་རྩའི་ལག་ལེན་ཁག་རྒྱུན་འཁྱོངས་བྱེད་དགོས།
ཁྱེད་ཀྱི་ཁ་པར་གྱིས་ཁྱེད་ལ་གསང་མྱུལ་བྱེད་ཀྱི་ཡོད་མེད་ཇི་ལྟར་ཤེས་ཐུབ།
ཁོང་ཚོས་ཁྱེད་ཀྱི་ཁ་པར་བེད་སྤྱད་དེ་ཁྱེད་ཀྱི་གསང་མྱུལ་དང་བྱ་ར་བྱེད་ཀྱི་ཡོད་མེད་ཤེས་རྟོགས་ཐུབ་རྒྱུ་ཧ་ཅང་དཀའ་ལ། ཁོང་ཚོའི་གསང་མྱུལ་གྱི་ཚད་གཞི་དང་ནུས་སྟོབས་ག་འདྲ་ཡོད་མེད་ཀྱང་བཤད་ཚོད་མི་ཐུབ།
ལམ་ཁ་མི་འདྲ་བ་གཉིས་བརྒྱུད་ནས་གསང་མྱུལ་བྱེད་ཐུབ་ཀྱི་ཡོད་དེ། དེ་དག་ནི་དྲ་བའི་ཞབས་ཞུ་ཆས་དང་ཁ་པར་གཉིས་ཡིན།
ཁོང་ཚོས་ཀྲུང་གོ་གློག་འཕྲིན་དང་ཀྲུང་གོ་འགུལ་འཕྲིན་སོགས་ཞབས་ཞུའི་བཟོ་ལས་ཁང་སོགས་ཀྱི་ནུས་པ་བེད་སྤྱད་དེ་ཁྱེད་ཀྱི་དྲ་ལམ་གྱི་བྱེད་སྒོ་ཁག་ལ་སྟངས་འཛིན་དང་བྱ་ར་བྱེད་ངེས་ལ། རྒྱལ་ནང་གི་མཉེན་ཆས་བཟོ་ལས་ཁང་སོགས་ལ་རེ་སྐུལ་ཞུས་ཏེ་ཁ་པར་ནང་གི་ཁྱེད་ཀྱི་བྱེད་སྒོ་ཡོངས་ལ་བྱ་ར་བྱེད་སྲིད།
རང་ཉིད་གསང་མྱུལ་གྱི་འོག་ཏུ་ཚུད་ཡོད་མེད་དེ་བརྗོད་དཀའ་བ་དང་ངོས་འཛིན་བྱེད་དཀའ་ཡང་། ཁྱེད་ཀྱི་རྟགས་མཚན་འདི་དག་ལ་དོ་སྣང་བྱ་འོས།
གལ་ཏེ་ཁྱེད་ཀྱི་ཁ་པར་མི་གཞན་གྱི་སྟངས་འཛིན་འོག་ཏུ་ཤོར་ཡོད་ཚེ། ཁ་པར་གཞུང་བཞེས་བཏང་ནས་ཕྱིར་སོ་སོའི་ལག་པར་སྤྲད་ཚར་བའི་རྗེས་སུ།
ཁ་པར་གྱི་མགྱོགས་ཚད་སྔོན་དང་བསྡུར་ན་དལ་དུ་ཕྱིན་ཡོད་པའམ། བྱེད་ལས་ཁག་ཞན་པོ་ཆགས་ཡོད་པ།
ཁ་པར་ནང་གི་དྲ་རྒྱ་མགྱོགས་པོར་རྫོགས་འགྲོ་བ།
ཁ་པར་ནང་དུ་འབྱོར་བའི་འཕྲིན་ཐུང་དང་ཡིག་ཟམ་སོགས་ཁྱེད་ཀྱིས་ལྟ་ཀློག་མ་བྱས་པའི་སྔོན་ནས། བཀླགས་ཚར་བའི་རྟགས་མངོན་པ།
ཁ་པར་གྱི་གློག་མགྱོགས་པོར་རྫོགས་འགྲོ་བ།
ཁ་པར་ནང་དུ་སོ་སོས་ཕབ་ལེན་བྱས་མ་མྱོང་བའི་མཉེན་ཆས་དེ་འདྲ་ཡོད་པ།
ཁ་པར་ནང་དུ་རྒྱུན་ལྡན་མིན་པའི་སྣང་ཚུལ་དེ་འདྲ་ཡང་དང་བསྐྱར་དུ་འབྱུང་བ་སོགས།
ཁྱེད་ཀྱི་ཁ་པར་གྱིས་ཁྱེད་ལ་གསང་མྱུལ་བྱེད་ཀྱི་ཡོད་ཚེ། ཁྱེད་ལ་གདམ་གསེས་ག་རེ་ཡོད།
གལ་ཏེ་ཁྱེད་ཀྱི་ཁ་པར་གཞུང་བཞེས་བཏང་ཚེ། ཁྱེད་ནི་ཁོང་ཚོས་དམིགས་འབེན་ཏུ་གཟུང་བྱའི་གང་ཟག་ཅིག་ཡིན་པ་དང་། ཁོང་ཚོས་ཁྱེད་ཀྱི་བྱེད་སྒོ་ཁག་ལ་བྱ་ར་བྱེད་ཀྱི་ཡོད་པར་ངོས་འཛིན་བྱེད་ཆོག
གཞུང་བཞེས་བྱས་མྱོང་བའི་ཁ་པར་ཞིག་སྤྱོད་སྐབས། ཁྱེད་རང་གསང་མྱུལ་ལ་གཡོལ་ཐབས་བྲལ། གལ་ཏེ། ཁྱེད་རང་ཁོང་ཚོས་དམིགས་འབེན་ཏུ་གཟུང་བྱའི་གང་ཟག་ཅིག་ཡིན་ཚེ། དེ་སྔོན་རང་ཉིད་ཀྱིས་སྒྲུབ་བཞིན་པའི་ལས་དོན་ཁག་གནས་སྐབས་མཚམས་འཇོག་བྱེད་དགོས།
གསང་མྱུལ་གཡོལ་ཐབས་ཀྱི་ལམ་ཁ་ཡག་ཤོས་དེ་ནི། དེ་སྔོན་གཞུང་བཞེས་བཏང་མྱོང་བའི་ཁ་པར་དེ་རྩ་མེད་བཟོས་ཏེ། ཁ་པར་དང་བྱང་བུ་གསར་པ་ཞིག་ཉོ་རྒྱུ་དེ་ཡིན། སོ་སོའི་མིང་དང་ཐོབ་དཔང་སོགས་མཁོ་སྤྲོད་བྱེད་མི་དགོས་པའི་བྱང་བུ་དེ་འདྲ་ཉོ་བའི་གདམ་ག་ཡོད་ཚེ། བྱང་བུ་དེ་འདྲས་ཁྱེད་ལ་རོགས་པ་བྱེད་ནུས།
ཡིན་ནའང་། གཞུང་བཞེས་བཏང་མྱོང་བའི་ཁ་པར་དེ་གློ་བུར་དུ་རྩ་མེད་བཏང་ཚེ། དེས་དབང་འཛིན་མི་སྣར་དོགས་པ་དང་རྣམ་རྟོག་སྣ་ཚོགས་བསྐྲུན་ངེས་པས། ཁ་པར་རྩ་མེད་བཟོ་རྒྱུའི་ཚབ་ཏུ། དེ་སོ་སོའི་རྒྱུན་ལྡན་གྱི་འབྲེལ་མཐུད་ཆེད་དུ་བཀོལ་ཆོག་ལ། དུས་མཚུངས་སུ། ལས་དོན་གཞན་པའི་ཆེད་དུ། ཁ་པར་དང་བྱང་བུ་གསར་པ་ཞིག་བཀོལ་སྤྱོད་བྱེད་ཆོག གལ་ཏེ། ཁྱེད་ཀྱིས་དེ་ལྟར་བྱེད་རྒྱུ་ཐག་བཅད་ཚེ། ས་གནས་གཅིག་དང་དུས་སྐབས་གཅིག་ལ་ཁ་པར་གཉིས་ཀ་མཉམ་དུ་བཀོལ་སྤྱོད་མ་བྱེད། དྲ་བའི་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་གྱི་བཟོ་ལས་ཁང་གིས་ཁ་པར་ཡོད་སའི་ས་གནས་གཞིར་བཞག་སྟེ་ཁ་པར་གཉིས་ཀྱི་བར་དུ་འབྲེལ་བ་ཡོད་མེད་རྩད་གཅོད་བྱེད་ཐུབ།
གལ་ཏེ། སྤྱི་ཚོགས་འབྲེལ་མཐུད་དྲ་བ་ཞིག་བཀོལ་སྤྱོད་བྱེད་སྐབས། ཁ་པར་ཨང་གྲངས་གསར་པ་དེའི་སྟེང་དུ་ཐོ་འགོད་བྱས་ཏེ་དྲ་མིང་གཞན་པ་ཞིག་བཀོལ་རྒྱུ་གལ་ཆེ།
འབྲེལ་གཏུག་བྱ་ཡུལ་གྱི་གྲོགས་པོ་ཚོར་སོ་སོའི་ཁ་པར་གཞུང་བཞེས་བཏང་ཟིན་པ་ཤེས་སུ་འཇུག་དགོས་ལ། གཞུང་བཞེས་བཏང་བའི་གནས་སྐབས་སུ། ཁ་པར་དེ་བརྒྱུད་ནས་གྲོགས་པོ་ཚོར་འབྲེལ་བ་བྱས་ཚེ། དེ་ལ་ལན་འདེབས་གནང་མི་རུང་བའི་གསལ་འདེབས་བྱེད་དགོས། གྲོགས་པོ་ཚོར་གསལ་འདེབས་བྱེད་སྟངས་དེ་དྲ་སྟེང་གི་སྡིངས་ཆ་གང་རུང་དང་འཕྲིན་ཐུང་བརྒྱུད་ནས་མ་ཡིན་པར། མི་དང་མི་དངོས་སུ་ཐུག་ནས་བཤད་དགོས།