ཉེན་འགོག་ཁྲིམས་ཐོག་གི་བྱེད་ཐབས།

གལ་ཏེ་ང་ཚོ་སྤྱང་པོ་ཡིན་ན། གྲ་སྒྲིག་སྡུག་ས་ནས་བྱེད་དགོས། ཇོར་ཇི་ཝ་ཞིན་ཁྲོན། ཨ་རིའི་སྲིད་འཛིན་དང་པོ།

 ང་ཚོའི་འཚོ་བའི་ཁོར་ཡུག་ཁྲོད། ངེས་གཏན་མེད་པའི་གནས་སྟངས་ནི་ཆེས་རྒྱུན་ལྡན་ཞིག་ཡིན་སྟབས། གནས་སྟངས་འདྲ་མིན་ལ་གདོང་ལེན་བྱེད་ཐུབ་པའི་ཆེད་དུ། ང་ཚོས་ཐོག་མཐའ་བར་གསུམ་གྲ་སྒྲིག་ཨང་གསར་བྱེད་དགོས། རེ་བ་བཟང་ས་ནས་བརྒྱབ་སྟེ། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཟེར་བའི་ཁ་ཏ་བསླབ་བྱ་འདི་ང་ཚོས་རྒན་རྒོན་ཚོའི་ཞལ་ནས་ཐེངས་མང་པོར་གོ་མྱོང་ཡོད་པ་ལྟར། ཁྲིམས་ལུགས་ངོས་ཐད་ཀྱི་བསླབ་བྱ་ཞིག་ནི། ཉེན་ཁ་ཆེ་བའི་གནས་སྟངས་དེ་འདྲར་འཕྲད་དུས་རང་ཉིད་ཀྱི་ཐོབ་ཐང་ཧ་གོ་བར་བྱེད་རྒྱུ་དེ་ཡིན། འདིར་ཕྲན་གྱིས་ཁྱེད་ཚོར་བཀག་ཉར་དང་ཞིབ་བཤེར་ས་ཚིགས་གང་རུང་དུ་ཁ་པར་གཞུང་བཞེས་གཏོང་སྐབས་སུ་མཁྱེན་དགོས་པའི་གཞི་རྩའི་བཅའ་ཁྲིམས་དང་ཐོབ་ཐང་ཁག་ཅིག་ངོ་སྤྲོད་བྱེད་རྒྱུ་ཡིན། 

ཁྱེད་རང་བཀག་ཉར་བྱེད་སྐབས་སུ་ཤེས་དགོས་པའི་དོན་གནད་ཁག

དབང་འཛིན་མི་སྣར། བཅའ་ཁྲིམས་གང་དང་འགལ་ཡོད་མེད་དམ། བཀག་ཉར་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་འདྲི་ཆོག་པའི་ཐོབ་ཐང་ཡོད། 

སྐད་སྒྱུར་དང་ཁྲིམས་རྩོད་པ་གླ་ཆོག་པའི་་ཐོབ་ཐང་ཡོད།

བཀག་ཉར་བྱེད་སྐབས་ཉེས་རྡུང་ཕོག་སྟེ་སྡུག་བསྔལ་མྱངས་ཡོད་ཚེ། གོང་རིམ་ལ་སྙན་སེང་ཞུ་བའི་ཐོབ་ཐང་ཡོད། ཁྱེད་ཀྱིས་བཀག་ཉར་ཁང་ཡོད་སའི་ཞིབ་དཔྱོད་ཁང་ལ་སྙན་སེང་ཞུ་ཆོག (གནས་ཚུལ་དེ་མང་ཚོགས་ལའང་ཤེས་སུ་འཇུག་ཐུབ་ན། རང་ཉིད་ལ་ཁེ་ཕན་ཆེ།)

ཞུ་སྦྱོར་བ་ཁྲིམས་ཁང་ལ་སླེབས་རྒྱུ་ཁས་ལེན་བྱས་པའི་ཆ་རྐྱེན་གྱི་ཐོག་ནས་གློད་བཀྲོལ་གཏོང་བར་ཞུ་བ་འབུལ་ཆོག་ལ། རང་ཁྱིམ་དུ་ལྟ་སྐུལ་ཚོད་འཛིན་བྱ་རྒྱུའི་རེ་འདུན་ཞུ་ཆོག

ཁྱེད་ལ་ནང་མིའི་ཕྱོགས་ནས་སྨན་དང་གྱོན་གོས་སོགས་མཁོ་སྤྲོད་བྱེད་ཆོག་པའི་ཐོབ་ཐང་ཡོད།

 བཀག་ཉར་གྱི་དོན་རྐྱེན་དེ་འདྲའི་སྐབས་སུ།

དབང་འཛིན་མི་སྣའམ་ཉེན་རྟོག་པར་བཀག་ཉར་བྱས་པའི་ཉིན་མ་དེ་ནས་བརྩིས་པའི་ཉིན་བདུན་གྱི་ནང་དུ་འཛིན་བཟུང་བཀའ་རྒྱ་རག་དགོས་ཀྱི་ཡོད། གལ་ཏེ། ཁོང་ཚོས་འཛིན་བཟུང་བཀའ་རྒྱ་མེད་པའི་ཐོག་ནས། ཁྱེད་རང་བཀག་ཉར་ཁང་དུ་དེ་ལས་དུས་ཡུན་མང་བ་བཀག་ཉར་བྱས་ཚེ།  ཉིན་གྲངས་༣༧་ནང་དུ་ཁྱེད་རང་ངེས་པར་དུ་གློག་བཀྲོལ་གཏོང་དགོས་ཀྱི་ཡོད།

ཉེན་རྟོག་པས་ཁྱེད་རང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཁྱེད་ཀྱི་ནང་མི་ལ་དུས་ཚོད་༢༤་ནང་ཚུད་དུ་བརྡ་ཐོ་གཏོང་དགོས། གལ་ཏེ་བཀག་ཉར་གྱི་གནད་དོན་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཇིགས་སྐུལ་ལ་འབྲེལ་བ་ཡོད་ཚེ། ནང་མི་ལ་བརྡ་ཐོ་བཏང་ན་གྱོད་དོན་ལ་བར་ཆད་བཟོ་སྲིད་པས། གོང་འཁོད་ཀྱི་དུས་ཡུན་དེའི་ནང་དུ་བརྡ་ཐོ་གཏོང་བའི་ངེས་པ་མེད། གནས་སྟངས་དེ་འདྲའི་ཁྲོད་དུ། སྲིད་འཛིན་ཉེས་ཆད་བཀག་ཉར་ཁང་གིས་གང་མགྱོགས་ནང་མི་ལ་བརྡ་ཐོ་གཏོང་ངེས་ཀྱང་། དེའི་དུས་བཀག་ལ་ཁ་གསལ་གང་ཡང་མེད།

བཀག་ཉར་གྱི་སྐབས་སུ་ཉེན་རྟོག་པས་ཁྱེད་ཀྱི་ཁ་པར་གཞུང་བཞེས་བཏང་ཚེ། ཁྱེད་ཀྱིས་ཤེས་དགོས་པ་ནི། 

ཁྱེད་རང་བཀག་ཉར་བྱས་ཚར་ན། ཉེན་རྟོག་པས་གྱོད་དོན་དབྱེ་ཞིབ་དང་དེ་མིན་གྱི་རྒྱུ་མཚན་གཞན་དག་གི་ཆེད་དུ། ཁྱེད་ཀྱི་ཁ་པར་གཞུང་བཞེས་གཏོང་ངེས་པ་ང་ཚོས་སྔོན་དཔག་བྱེད་ཆོག གལ་ཏེ། ཁྱེད་རང་བཀག་ཉར་འོག་གནས་ཡོད་ཚེ། ཉེན་རྟོག་པར་ཁྱེད་ཀྱི་ཁ་པར་གཞུང་བཞེས་གཏོང་བའི་དབང་ཆ་ཡོད། གལ་ཏེ། ཁ་པར་གྱི་ནང་དུ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་དཔང་རྟགས་གང་ཡང་མ་རྙེད་ཚེ། ཉེས་དོན་གྱོད་གཞི་ཡིན་ན་ཉིན་གྲངས་གསུམ་གྱི་ནང་ཚུད་དུ་ཁ་པར་ཕྱིར་དོ་བདག་ལ་སྤྲོད་དགོས། གལ་ཏེ། སྲིད་འཛིན་གྱོད་གཞི་ཡིན་ན། ཉིན་གྲངས་༣༠་ནས་༦༠་ཡི་ནང་ཚུད་ཕྱིར་སྤྲོད་དགོས། 

ཉེས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་ལྟར་ན། ས་གནས་ཀྱི་ཉེན་རྟོག་པས་མི་སྒེར་གྱི་ཁ་པར་གྱི་ནང་དུ་འཛུལ་བར་རྫོང་རིམ་པའམ་གོང་རིམ་ཉེན་རྟོག་ལས་ཁུངས་ཀྱི་འགོ་ཁྲིད་པའི་ཆོག་མཆན་ཐོབ་དགོས།

གལ་ཏེ། ཉེན་རྟོག་པར་འཛིན་བཟུང་བཀའ་རྒྱ་དང་དེ་འབྲེལ་གྱི་ཡིག་ཆ་ཁག་ཡོད་ཚེ། དོ་བདག་ལ་ཁ་པར་ཉེན་རྟོག་པར་རྩིས་སྤྲོད་མི་བྱེད་རྒྱུའི་དབང་ཆ་མེད།


ཞིབ་བཤེར་ས་ཚིགས་སུ། ཉེན་རྟོག་པས་ཁྱེད་ཀྱི་ཁ་པར་སྟོན་དགོས་པའི་རེ་སྐུལ་ཞུ་སྐབས་སུ། ཁྱེད་ཀྱིས་ཤེས་དགོས་པ་ནི།

ཞིབ་བཤེར་ས་ཚིགས་སུ། ཁོང་ཚོས་ཁྱེད་ཀྱི་ཁ་པར་ནང་དུ་འཛུལ་ཏེ་ཞིབ་བཤེར་བྱེད་ཆོག་ཀྱང་། ཁ་པར་དེ་གཞན་གྱི་ལག་ནས་བརྐུས་པ་ཞིག་ཡིན་ན་མ་གཏོགས། གཞུང་བཞེས་གཏོང་མི་ཆོག

གལ་ཏེ། དབྱེ་ཞིབ་ཀྱི་གོ་རིམ་ཁྲོད་དུ། རྒྱུ་དངོས་དང་ཡིག་ཆའི་རིགས་བདག་བཟུང་བྱེད་དགོས་བྱུང་ཚེ། ལས་དོན་དེ་དོ་བདག་གི་ཆོག་མཆན་་ཐོབ་པའི་ཐོག་ནས་གྱོད་དོན་ཞིབ་གཅོད་སྡེ་ཁག་གིས་བསྒྲུབ་ངེས་ལ། བདག་བཟུང་གི་ཐག་གཅོད་ཡིག་ཐོག་ཏུ་འགོད་དགོས།(སྤྱི་བདེ་ལས་ཁུངས་ཀྱི་ཉེས་དོན་གྱོད་གཞི་ཐག་གཅོད་བྱེད་པའི་གོ་རིམ་སྒྲིག་སྲོལ། སྤྱི་ལོ་༢༠༢༠་ལོའི་བསྐྱར་བཅོས་ཀྱི་པར་གཞི། དོན་ཚན་༢༢༨པ།)

རྒྱ་ནག་གི་ཉེན་རྟོག་པའི་ཁྲིམས་ཀྱི་དོན་ཚན་༩་པ་ལྟར་ན། སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་བྱེད་པར། ཉེན་རྟོག་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པས་ལག་འཁྱེར་འོས་འཚམ་ཞིག་བཟོས་རྗེས། དོགས་ཡོད་ཉེན་ཅན་པས་བཅའ་ཁྲིམས་དང་འགལ་བའི་ནག་ཉེས་བསགས་ཡོད་མེད་ཞིབ་བཤེར་དང་འདྲི་ཞིབ་བྱེད་ཆོག ཁ་པར་ནང་བསྔོག་བཤེར་བྱེད་པར་ཁོང་ཚོར་བཀའ་རྒྱ་དགོས་ཀྱི་ཡོད། འོན་ཀྱང་། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས(༢༠༡༥)་ཀྱི་དོན་ཚན་༣༤་པའི་ནང་དུ། 

* བྱེད་སྒོ་ཆེ་གྲས་བཀོད་སྒྲིག་བྱེད་མཁན་གྱི་སྡེ་ཚན་དང་གནད་ཡོད་མི་སྣ་དོ་དམ་བྱེད་མཁན་གྱི་སྡེ་ཚན་ཁག་གིས་གཞུང་གི་གཏན་འབེབས་ལྟར་བྱེད་སྒོ་ཆེ་གྲས་སྤེལ་ཡུལ་དང་། གནམ་གྲུ་ཐང་། གྲུ་ཁ། མེ་འཁོར་བབས་ཚུགས་སོགས་སུ་འགྲོ་མཁན་གྱི་མི་དང་། ཅ་ལག རླངས་འཁོར་སོགས་ལ་ཞིབ་བཤེར་བྱེད་ཆོག་ཅེས་གསལ་ཡོད་ཀྱང་། དེའི་ནང་དུ་ངེས་པར་དུ་བཀའ་རྒྱ་ལ་བརྟེན་ནས་མི་རྣམས་ཀྱི་ཁ་པར་དང་དངོས་རྫས་གཞན་དག་ལ་ཞིབ་བཤེར་བྱ་དགོས་པ་གང་ཡང་གསལ་མེད།

གལ་ཏེ། གྱོད་དོན་དེ་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའམ་ཡང་ན་རྐུ་འཁྱེར་བྱས་པའི་ཡོ་ཆས་དང་འབྲེལ་བ་ཡོད་བཞིན་དུ། དོ་བདག་གིས་རྒྱུ་དངོས་སམ་ཡིག་ཆ་གང་རུང་རྩིས་སྤྲོད་བྱེད་རྒྱུ་ངོས་ལེན་མ་བྱས་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་རྒྱུ་དངོས་དེ་དག་བཙན་ཉར་བྱེད་ཆོག(སྤྱི་བདེ་ལས་ཁུངས་ཀྱི་ཉེས་དོན་གྱོད་གཞི་ཐག་གཅོད་བྱེད་པའི་གོ་རིམ་སྒྲིག་སྲོལ་(སྤྱི་ལོ་༢༠༢༠་ལོའི་བསྐྱར་བཅོས་ཀྱི་པར་གཞི། དོན་ཚན་༢༢༧་པ།)


གོང་དུ་བརྗོད་ཟིན་པ་ལྟར། དོན་ཚན་འདི་དག་ནི་གནས་སྟངས་དེ་འདྲའི་ཁྲོད་དུ། རང་ཉིད་ཀྱིས་ངེས་པར་དུ་ཤེས་དགོས་པའི་གཞི་རྩའི་བཅའ་ཁྲིམས་དང་ཐོབ་ཐང་ཁག་ཅིག་ཡིན། དེ་དག་གི་སྐོར་གྱི་གནས་ཚུལ་རྒྱས་པ་མཁྱེན་འདོད་ཚེ། གཤམ་གྱི་དཔྱད་གཞི་ཡིག་ཆ་འདི་དག་ལ་གཟིགས་རོགས།

༡ སྤྱི་བདེ་ལས་ཁུངས་ཀྱི་ཉེས་དོན་གྱོད་གཞི་ཐག་གཅོད་བྱེད་པའི་གོ་རིམ་སྒྲིག་སྲོལ་གྱི་གཏན་འབེབས།: http://www.gov.cn/zhengce/zhengceku/2020-08/16/content_5535125.htm

༢ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་》: http://www.npc.gov.cn/zgrdw/npc/xinwen/2018-06/12/content_2055871.htm

༣ 《ཉེས་དོན་གཏུག་བཤེར་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》:  http://gongbao.court.gov.cn/Details/11aaa996a59f5824912be62d3dfa0d.html  

Leave a Reply

Your email address will not be published. Required fields are marked *