གྷོ་གྷིལ་བཟོ་ཚོང་ཁང་གི་མིས་བཟོས་རིག་ནུས། 


འདི་ལོའི་ཟླ་༣་པའི་ནང་དུ་གྷོ་གྷིལ་བཟོ་ཚོང་ཁང་གིས། OpenAI མིས་བཟོས་རིག་ནུས་ཚན་རྩལ་ཞིབ་འཇུག་ཁང་གིས་འདོན་སྤེལ་བྱས་པའི་མིས་བཟོས་རིག་ནུས ChatGPTཡི་རྒྱལ་སྤྱིའི་ཁྲོམ་རའི་ཁྱབ་ཚད་ལ་ཁ་གཏད་གཅོག་རྒྱུའི་ཆེད་དུ། བྷར་ཌི(Bard/巴德)ཟེར་བའི་མིས་བཟོས་རིག་ནུས་ཀྱི་འཕྲུལ་མི་གསར་པ་ཞིག་གསར་གཏོད་གནང་ཡོད་ཀྱང་། དེའི་ནུས་པ་ChatGPT་དང་བསྡུར་ན་ཞན་པོ་ཡོད་པ་དང་། འཕྲུལ་མི་ལ་ཁ་བརྡ་ལྷུག་པོ་ཡང་བྱེད་མ་ཐུབ་པའི་རྐྱེན་གྱིས། སྐད་གྲགས་ཆེན་པོ་ཆགས་ཐུབ་མེད་པ་མ་ཟད། མི་ཚོའི་དོ་སྣང་ཡང་འདྲེན་ཐུབ་མེད།

ཟླ་༨་པའི་ནང་ལ་ཆ་མཚོན་ལ།  རྩིས་འཕྲུལ་དང་ཁ་པར་ནང་དུ་ChatGPT་བཀོལ་སྤྱོད་བྱེད་མཁན་གྱི་མི་གྲངས་དུང་ཕྱུར་བཅོ་ལྔ་བརྒལ་ཡོད་པ་དེ། གྷོ་གྷིལ་མིས་བཟོས་རིག་ནུས་བཀོལ་མཁན་དང་བསྡུར་ན་ལྡབ་གསུམ་གྱི་མང་བ་བྱུང་ཡོད།

འོན་ཀྱང་། ཟླ་༩་ཚེས་༡༩་ཉིན། གྷོ་གྷིལ་བཟོ་ཚོང་ཁང་གིས་བྷར་ཌི(Bard)་འཕྲུལ་མིའི་ནུས་པ་དེ། གྷོ་གྷིལ་ཡིག་ཟམ་ཇི་མེལ་དང་། (Gmail)གྷོ་གྷིལ་སྐུལ་ཆས།(Google Drive) ཡིག་གདན།(Doc) ཡོ་ཁྲོ་དྲ་བརྙན་(Youtube)བཅས་ཀྱི་ནང་དུ་་སྦྲེལ་ཏེ། OpenAI མིས་བཟོས་རིག་ནུས་ཚན་རྩལ་ཞིབ་འཇུག་གི་CHATGPT་ལ་གདོང་ལེན་བྱེད་པའི་མདུན་མཆོང་གི་གོམ་པ་ཆེན་པོ་ཞིག་སྤོས་ཡོད།

གྷོ་གྷིལ་བཟོ་ཚོང་ཁང་གིས། བྷར་ཌི(Bard)མིས་བཟོས་རིག་ནུས་ཀྱི་ཁོངས་སུ། རང་ཉིད་ཀྱི་གྷོ་གྷིལ་འཚོལ་བཤེར་མ་ལག་གི་ནུས་པ་ཁག་ཅིག་ཡར་འཇུག་བྱེད་རྒྱུ་རེད་འདུག་ལ། དེ་དག་གི་ཁོངས་སུ། ཟ་ཁང་། མགྲོན་ཁང་། གནམ་གྲུ ས་ཁྲ་སོགས་འདུས་ཡོད་པས། འཛད་སྤྱོད་པས་འགྲུལ་བཞུད་ཀྱི་སྐབས་སུ། ས་ཁྲ་དང་འགྲིལ་འགྲུལ་གྱི་གནས་ཚུལ་སོགས་འཚོལ་བཤེར་བྱེད་ཐུབ་ཀྱི་ཡོད། 

མིས་བཟོས་རིག་ནུས་ནི་ཧ་ཅང་ནུས་སྟོབས་ཆེ་བའི་འཕྲུལ་རིག་ལག་རྩལ་ཞིག་ཡིན་རུང་། དེས་གནས་ཚུལ་ནོར་བ་དང་ལོག་པ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་པས། མཚམས་རེར་འཛད་སྤྱོད་པ་ཚོས་བདེན་རྫུན་གང་ཡིན་དབྱེ་ཐག་མ་ཆོད་པར་ལྷག་གི་ཡོད། གནད་དོན་དེ་ཐག་གཅོད་བྱེད་པར་དམིགས་ཏེ། གྷོ་གྷིལ་བཟོ་ཚོང་ཁང་གིས་བྷར་ཌི(Bard)་དྲ་ངོས་སུ་“Google It”ཟེར་བའི་མཐེབ་ཅུ་ཞིག་ཁ་སྣོན་བྱས་ཡོད་ལ། མཐེབ་ཅུ་དེས་བྷར་ཌི་མིས་བཟོས་རིག་ནུས་ཀྱི་ལན་འདེབས་ལ་ཞིབ་བཤེར་འཕར་མ་བྱས་ཏེ། གནས་ཚུལ་ངོ་མ་ཡིན་ཚེ། དེའི་སྒྲུབ་བྱེད་ཀྱི་ཡིག་ཆ་དང་དཔང་རྟགས་མཁོ་སྤྲོད་བྱེད་ངེས། བརྗོད་དོན་གང་རུང་ཞིག་བདེན་པ་ཡིན་ཚེ། དེ་ཚོན་མདོག་ལྗང་ཁུ་ནང་དུ་སྟོན་ངེས་ལ། གལ་ཏེ། ཁུངས་སྐྱེལ་བྱེད་མི་ཐུབ་ཚེ། བརྗོད་དོན་དེ་ཚོན་མདོག་དམར་སེར་གྱི་ནང་དུ་སྟོན་གྱི་ཡོད།

དེ་མ་ཟད། བྷར་ཌི(Bard) དྲ་ངོས་སུ། སྐད་ཡིག་མི་འདྲ་བ་༤༠་ལྷག་གི་ནང་དུ་ཡོད་པའི་པར་རིས་ཡར་འཇུག་དང་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་འདུག

དུས་ད་ལྟའི་ཆར། འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་༢༠༠་ལྷག་གི་ནང་དུ་བྷར་ཌི(Bard)བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད་རུང་། གྷོ་གྷིལ་བཟོ་ཚོང་ཁང་གིས་རང་ཉིད་ཀྱི་ཐོན་རྫས་དེ་ཚོད་ལྟའི་གོ་རིམ་ཁྲོད་དུ་ཡོད་པ་མ་ཟད། ད་དུང་ལག་རྩལ་འདིའི་ཐོག་མའི་གནས་སྐབས་སུ་ཡོད་ཅེས་བརྗོད་ཡོད། 

Leave a Reply

Your email address will not be published. Required fields are marked *