ཁ་པར་གྱི་བདེ་འཇགས།-p10

ཁ་པར་ནི་ང་ཚོའི་འཚོ་བའི་ཁྲོད་ཀྱི་ཆ་ཤས་གལ་ཆེན་ཞིག་ཆགས་ཡོད། ང་ཚོས་ཁ་པར་བཀོལ་སྤྱོད་བྱས་ཏེ་སོ་སོའི་ནང་མི་དང་གྲོགས་པོ་སོགས་ལ་འབྲེལ་བ་བྱེད་ཀྱི་ཡོད་པ་མ་ཟད། མི་གཞན་ལ་ཡིག་ཆ་བརྒྱུད་གཏོང་བྱེད་ཀྱི་ཡོད། ཡིན་ནའང་། དེང་གི་དུས་སུ། སྲིད་གཞུང་དང་སྒེར་གྱི་ཚོང་ལས་སྡེ་ཁག་གིས་ཁྱེད་ཀྱི་ཁ་པར་གོ་སྐབས་སུ་བཟུང་སྟེ་ཁྱེད་རང་སྒེར་གྱི་གཞི་གྲངས་བསྡུ་རུབ་བྱེད་ཀྱི་ཡོད་པ་མ་ཟད། ཁྱེད་ལ་གསང་རྒྱ་དོ་ཕོག་བཟོ་གི་ཡོད། དེར་བརྟེན། ཁ་པར་བཀོལ་སྤྱོད་བྱས་ཏེ། ཁ་བརྡ་བྱེད་པ་དང་། དྲ་སྟེང་དུ་གནས་ཚུལ་ལྟ་ཀློག་བྱེད་དུས་བདེ་འཇགས་བཟོ་ཐབས་ཀྱི་གཞི་རྩའི་ལག་ལེན་གལ་ཆེན་ཁག་ཅིག་ཡོད་པ་དེ་དག་ལག་བསྟར་བྱེད་རྒྱུ་གལ་ཆེ། 

ཨན་ཌོ་ཁ་པར་ནང་དུ་བཀོལ་ཆས་ཟུར་འཇུག

ཟུར་འཇུག

ཁ་པར་གྱི་གཞུང་འབྲེལ་བཀོལ་ཆས་ཚོང་ཁང་བཀོལ་སྤྱོད་མ་བྱས་པའི་ཐོག་ནས་སོ་སོའི་ཁ་པར་ནང་དུ་བཀོལ་ཆས་ནང་འཇུག་བྱེད་པ་ལ་ཟུར་འཇུག་ཟེར།

ཀུ་ཤུ་ཁ་པར་དང་མི་འདྲ་བར། ཨན་ཌོ་ཁ་པར་བཀོལ་སྤྱོད་བྱེད་མཁན་ཚོས། ཁུངས་ལྡན་གྱི་གནས་དང་དྲ་གནས་འདྲ་མིན་ནས་རང་ཉིད་ཀྱི་ཁ་པར་ནང་དུ་བཀོལ་ཆས་སྣ་ཚོགས་ཟུར་འཇུག་བྱེད་ཆོག  ཟུར་འཇུག་གི་ཁྱད་ཆོས་འདིས། ཁྱེད་ལ་་ཁ་པར་གྱི་བཀོལ་ཆས་ཚོང་ཁང་ནང་དུ་་མི་རྙེད་པའམ་བཀག་འགོག་བྱས་ཡོད་པའི་བཀོལ་ཆས་ཁག་ནང་འཇུག་བྱེད་པའི་ཆ་རྐྱེན་བསྐྲུན་གྱི་ཡོད། དཔེར་ན། རྟོག་བཟོས་མི་སྒེར་དྲ་བའི་མཉེན་ཆས་དང་བདེ་འཇགས་ཀྱི་མཉེན་ཆས་གང་ཡང་གཞུང་འབྲེལ་བཀོལ་ཆས་ཚོང་ཁང་དུ་རྙེད་མི་ཐུབ། འོན་ཀྱང་། ཁྱེད་ཀྱིས་བཀོལ་ཆས་དེ་དག་ལས་སླ་པོའི་ཐོག་ནས་སོ་སོའི་ཁ་པར་ནང་དུ་ཟུར་འཇུག་བྱེད་ཐུབ། 

དེ་མ་ཟད། ཨན་ཌོ་ཁ་པར་ཐེངས་དང་པོར་བཀོལ་སྤྱོད་བྱེད་པའི་ཆེད་དུ། སྒྲིག་འགོད་བྱེད་སྐབས་ཡིག་ཟམ་གྱི་ཐོ་མཛོད་ནང་དུ་འཛུལ་དགོས་པའི་ངེས་པ་མེད། བཀོལ་ཆས་ཡོད་དོ་ཅོག་ཟུར་འཇུག་གྱི་ལམ་ཁ་བརྒྱུད་དེ་ནང་འཇུག་བྱེད་ཆོག

ཁ་པར་གྱི་ནང་དུ་སོ་སོའི་ཡིག་ཟམ་དང་ཁ་པར་ཨང་གྲངས་བརྒྱུད་ནས་ཐོ་འགོད་མ་བྱས་ཚེ་ཁེ་ཕན་ཁག་ཅིག་ཡོད། 

  • ཁ་པར་བཟོ་སྐྲུན་བྱེད་མཁན་གྱི་བཟོ་ལས་ཁང་གིས་ཁྱེད་ཀྱི་ཁ་པར་ཨང་གྲངས་དང་ཡིག་ཟམ་ཨང་གྲངས་སོགས་བསྡུ་ལེན་བྱེད་མི་ཐུབ།
  • ཁྱེད་ཀྱི་ཁ་པར་ནང་དུ་སོ་སོས་ཕབ་ལེན་མ་བྱས་པའི་མཉེན་ཆས་(མཉེན་ཆས་གཅིག་གི་ནང་དུ་མཉེན་ཆས་གཞན་མང་པོ་བསྐུངས་ཡོད་པ་དེ་འདྲ་)རིགས་ཉུང་དུ་འགྲོ་ངེས།
  • ཁ་པར་བཟོ་སྐྲུན་བྱེད་མཁན་གྱི་བཟོ་ལས་ཁང་གིས་ཁྱེད་ཀྱི་ཁ་པར་སྟེང་དུ་ཕབ་ལེན་བྱས་ཡོད་པའི་མཉེན་ཆས་དང་། ཁ་པར་ནང་དུ་ཡོད་པའི་པར་རིས། ད་དུང་དེ་མིན་གྱི་གཞི་གྲངས་གང་ཡང་བསྡུ་ལེན་བྱེད་མི་ཐུབ། 

ཨན་ཌོ་ཁ་པར་ནང་དུ་བཀོལ་ཆས་ཇི་ལྟར་ཟུར་འཇུག་བྱེད་དགོས།

མཉེན་ཆས་ཟུར་འཇུག་མ་བྱས་པའ་སྔོན་དུ། ཞིབ་ལྟ་བྱེད་དགོས་པ་ཁག་ཅིག་ཡོད།

  • མཉེན་ཆས་དེ་བཟོ་བསྐྲུན་བྱེད་མཁན།
  • མཉེན་ཆས་དེ་བདེ་འཇགས་ཡིན་མིན།
  • གཏན་འཇགས་མཉེན་ཆས་གསར་པ་ཞིག་ནང་འཇུག་བྱེད་དགོས་མིན།
  • ཟུར་འཇུག་བྱེད་ཐུབ་མིན།
  • རྒྱལ་ནང་དུ་ལས་ཀ་བྱེད་ཐུབ་མིན།
  • མི་དཀྱུས་མ་ཞིག་གིས་བཀོལ་སྤྱོད་བྱེད་ཐུབ་མིན།

བཀོལ་ཆས་ཀྱི་ཆོག་མཆན།

ཁྱེད་ཀྱི་ཁ་པར་སྟེང་དུ་ཕབ་ལེན་བྱས་ཡོད་པའི་བཀོལ་ཆས་ཁག་གི་ཁྱེད་ཀྱི་ཁ་པར་ནང་དུ་ག་རེ་བྱེད་ཆོག་མིན་གྱི་དབང་ཚད་སྤྲོད་པ་ལ་ཟེར། བཀོོལ་ཆས་ཚང་མ་བདེ་འཇགས་མིན་སྟབས། བཀོལ་ཆས་ཚང་མར་སོ་སོའི་ཁ་པར་གྱི་པར་ཆས་དང་། སྐད་སྦུག  སྡོད་གནས། ལི་ཐོ། པར་མཛོད། འབྲེལ་མི་སོགས་སྤྱོད་ཆོག་པའི་ཆོག་མཆན་སྤྲོད་རྐྱང་བྱེད་རྒྱུའི་ཚབ་ཏུ། བཀོལ་ཆས་ཁག་ལ་ཆོག་མཆན་གང་དག་སྤྲད་ཡོད་མེད་བསྐྱར་ཞིབ་བྱེད་དགོས། བཀོལ་ཆས་ཀྱི་ཆོག་མཆན་དང་འབྲེལ་བའི་ཉེན་ཁ་ཞིག་ནི། ཆོག་མཆན་དེ་བཀོལ་སྤྱོད་ལོག་པ་གཏོང་སྲིད་པ་དེ་ཡིན།

བཀོལ་ཆས་ཤིག་རང་ཉིད་ཀྱི་ཁ་པར་ནང་དུ་ནང་འཇུག་བྱེད་སྐབས། བཀོལ་ཆས་དེས་ཆོག་མཆན་གང་དག་ཞུ་གི་ཡོད་མེད་ལ་ཞིབ་ལྟ་བྱེད་དགོས། གལ་ཏེ། བཀོལ་ཆས་ཤིག་གིས་ཁ་པར་དོ་དམ་དང་། སྐུད་མེད་དྲ་བའི་གནས་ཚུལ། ཁྱེད་རང་སྒེར་གྱི་གནས་ཚུལ་སོགས་བཀོལ་ཆས་ཀྱི་བྱེད་ལས་དང་འབྲེལ་བ་གཏན་ནས་མེད་པའི་ཆོག་མཆན་རིགས་ཞུ་གི་ཡོད་ཚེ།  ཁྱེད་ཀྱིས་བཀོལ་ཆས་དེ་ནང་འཇུག་བྱེད་མི་རུང་། 

ཁྱེད་ཀྱིས་བཀོལ་ཆས་ཤིག་ནང་འཇུག་བྱས་ཚར་བའི་རྗེས་སུ། བཀོལ་ཆས་དེར་སྤྲད་ཡོད་པའི་ཆོག་མཆན་ཁག་དེ་མ་ཐག་དོ་དམ་དང་ཚོད་འཛིན་བྱེད་ཆོག  བཀོལ་ཆས་དེས་བྱེད་ལས་རྩོམ་པར་མེད་དུ་མི་རུང་བའི་ཆོག་མཆན་ཁོ་ན་ངོས་ལེན་བྱོས། 

https://lamyiq.com/how-to-check-app-perm-in-and-dev/
https://lamyiq.com/how-to-check-app-per-ios/

ཐུམ་སྒྲིལ་བཀོལ་ཆས་དང་དགོས་མེད་ཀྱི་བཀོལ་ཆས་ཁག་ཕྱིར་འདོན། 

ཐུམ་སྒྲིལ་བཀོལ་ཆས།

ཁ་པར་གྱི་ཉེར་སྤྱོད་མ་ལག་དང་མཉམ་དུ་རང་བཞིན་གྱིས་ནང་འཇུག་བྱས་ཡོད་པའི་བཀོལ་ཆས་ཁག་ལ་ཐུམ་སྒྲིལ་བཀོལ་ཆས་ཟེར་ཞིང་། དེ་དག་གི་ཁྲོད་ཀྱི་བཀོལ་ཆས་མང་དག་ཅིག་ཁ་པར་གྱི་བྱེད་ལས་དང་འབྲེལ་བ་མེད་པས། རང་ངོས་ནས་སོ་སོའི་ཁ་པར་གྱི་ནང་ནས་མེད་པར་བཟོ་ཆོག

བཀོལ་ཆས་གང་དག་ཕྱིར་འདོན་བྱེད་དགོས། 

བཀོལ་ཆས་ཕལ་ཆེ་བའི་ཁོངས་སུ་སྐྱོན་ཆ་ཞིག་ཡོད་ངེས་པས། བཀོལ་ཆས་བརྒྱུད་ནས་འོང་ངེས་པའི་འཇབ་རྒོལ་གྱི་རིགས་ལ་སྔོན་འགོག་བྱེད་པའི་ཆེད་དུ། དུས་རྒྱུན་དུ་བཀོལ་སྤྱོད་བྱེད་ཀྱི་མེད་པའི་བཀོལ་ཆས་དང་། དགོས་མེད་ཀྱི་བཀོལ་ཆས། དེ་བཞིན། དོགས་གཞི་ཅན་གྱི་བཀོལ་ཆས་རིགས་སོ་སོའི་ཁ་པར་གྱི་ཁོངས་ནས་ཕྱིར་འདོན་བྱེད་དགོས།

https://lamyiq.com/how-to-uninstall-app-in-andr/
https://lamyiq.com/how-to-uninstall-apps-in-apple/

ཁྱེད་ཀྱི་ཁ་པར་སྤྲིན་མཛོད་དང་མ་སྦྲེལ། 

སྤྱིར་བཏང་། ཀུ་ཤུ་བཟོོ་ཚོང་ཁང་གིས་འཛད་སྤྱོད་པའི་གཞི་གྲངས་ཁག་གསང་སྡོམ་བྱས་ཏེ་སོ་སོའི་གཞི་གྲངས་མཛོད་ནང་དུ་ཉར་ཚགས་བྱེད་ཀྱི་ཡོད་ཀྱང་། སྤྱི་ལོ་༢༠༡༨་ལོར། ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནང་གི་ཀུ་ཤུ་འཛད་སྤྱོད་པ་ཚོའི་སྤྲིན་མཛོད་དོ་དམ་གྱི་དབང་ཚད་སྲིད་གཞུང་གི་ཆོག་མཆན་ཐོབ་པའི་ཀོས་ཀྲུག་ཞིང་ཆེན་ནང་གི་སྤྲིན་སྟེང་ཀོས་ཀྲུག་གཞི་གྲངས་ཆེན་པོའི་ཐོན་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི་ལག་པར་རྩིས་སྤྲོད་གནང་ཡོད་ལ། རྒྱལ་ནང་གི་སྤྲིན་མཛོད་གཞན་དེ་ནང་སོག་ཏུ་ཡོད། 

ཀུ་ཤུ་བཟོ་ཚོང་ཁང་གིས། འཛད་སྤྱོད་པས་སོ་སོའི་ཁ་པར་དང་རྩིས་འཕྲུལ་སོགས་སྤྲིན་མཛོད་ལ་མ་སྦྲེལ་བའི་ཚུན་ཆད་དུ། གཞི་གྲངས་ཁག་ཡོ་ཆས་རང་གི་ནང་དུ་བརྟན་པོར་ཉར་གྱི་ཡོད་ཅེས་བརྗོད་ཀྱི་ཡོད་རུང་། གསང་སྡོམ་བྱས་པའི་སྤྲིན་མཛོད་ནང་གི་གཞི་གྲངས་ཁག་ཀྱང་ཀུ་ཤུ་བཟོ་ཚོང་ཁང་གིས་གསང་གྲོལ་བྱེད་ནུས་སྲིད་ལ། སྐབས་བབ་ཀྱི་གནས་སྟངས་འདིའི་ཁྲོད་དུ། རྒྱ་ནག་སྲིད་གཞུང་གིས་རྒྱལ་ནང་གི་ཀུ་ཤུ་འཛད་སྤྱོད་པ་ཚོའི་སྤྲིན་མཛོད་ནང་གི་གཞི་གྲངས་ཡོངས་རྫོགས་ལ་ལྟ་ཀློག་བྱེད་ཐུབ་པས། སོ་སོའི་ཁ་པར་དེ་སྤྲིན་མཛོད་དང་མི་སྦྲེལ་བའི་རེ་སྐུལ་ཞུ་གི་ཡོད། རང་ཉིད་ཀྱི་ཀུ་ཤུ་ཁ་པར་དང་རྩིས་འཕྲུལ་སོགས་སྤྲིན་མཛོད་དང་མ་སྦྲེལ་བ་ཡིན་ན། ཀུ་ཤུ་བཟོ་ཚོང་ཁང་དང་དེ་མིན་གྱི་སྲིད་གཞུང་སོགས་ཀྱིས་ཁྱེད་ཀྱི་གཞི་གྲངས་ཁག་ལ་ལྐོག་ནས་ལྟ་ཀློག་བྱེད་མི་ནུས།

https://lamyiq.com/icloud-sync/
https://lamyiq.com/icloud-syncc-off/

བདེ་འཇགས་འཕར་མའི་ཆེད་དུ། ཁ་པར་འཕར་མ་ཞིག་བཀོལ། 

ཁ་པར་དང་རྩིས་འཕྲུལ་སོགས་ཀྱི་མ་ལག་གསར་སྣོན་དང་། དེ་དག་གི་ནང་དུ་ཕབ་ལེན་བྱས་ཡོད་པའི་བཀོལ་ཆས་ཁག་གསར་སྣོན། བཀོལ་ཆས་ཀྱི་ཆོག་མཆན་ལ་དོ་དམ། བདེ་འཇགས་ཀྱི་བཀོལ་ཆས་ཟུར་འཇུག་སོགས་ཉེན་སྲུང་གི་ལག་ལེན་ཡག་ཤོས་ཁག་བརྩི་སྲུང་བྱས་པའི་ཐོག་ཏུ། སྒེར་གྱི་བཀོལ་སྤྱོད་ཀྱི་ཆེད་དུ་ཁ་པར་གཅིག་དང་། ཆ་འཕྲིན་གལ་ཆེན་ལ་ཆེད་དམིགས་ལྟ་ཀློག་བྱེད་པའི་ཆེད་དུ་ཁ་པར་གཞན་ཞིག་ལོགས་སུ་ཉར་ན། དྲ་མྱུལ་བྱེད་སྐབས་སོ་སོའི་སྒེར་གྱི་གནས་ཚུལ་དང་གཞི་གྲངས་ཁག་སྲུང་སྐྱོབ་བྱེད་ཐུབ་པའི་ཁེ་ཕན་ཡོད། 

ཁ་པར་འཕར་མ་དེ་བཀོལ་སྤྱོད་བྱེད་སྟངས། 

  • གལ་ཏེ་ཁྱེད་ལ་ཁ་པར་གཉིས་ཡོད་ཚེ། ཁ་པར་འཕར་མ་དེའི་ནང་དུ་བྱང་བུ་བཀོལ་སྤྱོད་མ་བྱས་ན་ལེགས། 
  • ཁ་པར་གྱི་ནང་དུ་བྱང་བུ་བཅུག་ཚར་ན། སྒེར་གྱི་གནས་ཚུལ་སྦ་གསང་བྱེད་དཀའ། ཁྱེད་ཀྱིས་ཁ་པར་འཕར་མའི་ནང་དུ་བྱང་བུ་མ་བཅུག་པའི་ཐོག་ནས་་དྲ་སྟེང་གི་གནས་ཚུལ་ཆེ་མ་ཆུང་གསུམ་ཡོངས་རྫོགས་ལ་ལྟ་ཀློག་བྱེད་ཐུབ། 
  • ཁ་པར་འཕར་མའི་ནང་དུ་བྱང་བུ་མ་བཅུག་ན། ཁྱེད་ཀྱི་ཁ་པར་དེ་ཉེ་འགྲམ་གྱི་བརྡ་རྟགས་ཀྱི་ལྕགས་སྡོང་ལ་མི་སྦྲེལ། དེ་བས་དབང་འཛིན་མི་སྣས་བརྡ་རྟགས་ཀྱི་ལྕགས་སྡོང་གི་ཟུར་གསུམ་མའི་བཀོད་པ་ཟེར་བའི་ཐབས་ལམ་དེ་སྤྱད་དེ་ཁྱེད་ཀྱི་སྡོད་གནས་རྩད་གཅོད་དང་ངོས་འཛིན་བྱེད་མི་ནུས།

  • ཁྱེད་ཀྱིས་ཁ་པར་འཕར་མའི་ནང་དུ་བྱང་བུ་མ་བཅུག་ན། དྲ་རྒྱ་ཇི་ལྟར་སྤྱོད་དགོས་ཞེས་དྲན་སྲིད། དྲ་རྒྱ་བཀོལ་སྤྱོད་བྱེད་པར་སོ་སོའི་ཉེ་འགྲམ་གྱི་འཚིག་ཇ་ཁང་དང་ཟ་ཁང་སོགས་ཀྱི་ནང་དུ་རིན་མེད་ཀྱི་ཐོག་ནས་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་སྤྱི་སྤྱོད་སྐུད་མེད་དྲ་བར་སྦྲེལ་ཆོག
  • འོན་ཀྱང་། སྤྱི་སྤྱོད་སྐུད་མེད་དྲ་བ་བཀོལ་དུས་ཉེན་ཁ་ཁག་ཅིག་ཡོད། དཔེར་ན། ཁྱེད་རང་སྒེར་གྱི་གནས་ཚུལ་ཁག་གཞན་གྱིས་བརྐུ་སྲིད་ལ། དྲ་རྒྱ་མཁོ་སྤྲོད་བྱེད་མཁན་གྱིས་ཁྱེད་ཀྱི་དྲ་སྦྲེལ་ལ་བར་གཅོད་བྱེད་ཐུབ་ལ། ཁྱེད་ཀྱི་དྲ་སྟེང་གི་བྱེད་སྒོ་ཁག་ལ་རྗེས་འདེད་ཀྱང་བྱེད་ཐུབ།

དེ་བས། སྤྱི་སྤྱོད་སྐུད་མེད་དྲ་བ་བཀོལ་སྐབས། རང་ཉིད་ཀྱི་ཁ་པར་བརྟན་པོར་ཉར་བར་བསྒྲུབ་དགོས་པའི་དོན་དག་ཁག་ཅིག་ཡོད།

  • དྲ་སྟེང་དུ་བདེ་འཇགས་ངང་གནས་ཐབས་དང་རང་ཉིད་ཀྱི་ངོ་བོ་སྦ་གསང་བྱེད་ཐབས་སུ། བཀག་སྡོམ་བྱས་ཡོད་པའི་ཆ་འཕྲིན་ལྟ་ཀློག་བྱེད་སྐབས་རྟོག་བཟོས་མི་སྒེར་དྲ་བའམ། (VPN)ཁྲོར་དང་ཨོར་བྷོར(Tor/Orbot)་ལྟ་བུ་བཀོལ་སྤྱོད་བྱོས། 
  • ཁ་པར་འཕར་མ་དེའི་སྟེང་དུ་ག་དུས་ཡིན་ཡང་ཁྲོར་དང་ཨོར་བྷོར་ཁ་ཕྱེ། དེ་ལྟར་བྱས་ན། ཁྱེད་རང་ག་དུས་དྲ་རྒྱ་ལ་མཐུད་ན། དེ་དུས་ཁྲོར་དང་ཨོར་བྷོར་ལྟ་བུས། ཁྱེད་རང་ཉེན་ཁ་མེད་པའི་གསང་བའི་ཕུག་ལམ་དུ་ཁྲིད་འགྲོ
  • ཁྲོར་དང་ཨོར་བྷོར་གཉིས་ཀྱིས་དྲ་རྒྱའི་འཇུག་སྒོ་མང་དག་ཅིག་སྤྱད་དེ་ཁྱེད་ཀྱི་གཞི་གྲངས་བརྒྱུད་གཏོང་བྱེད་ཀྱི་ཡོད། རྟོག་བཟོས་མི་སྒེར་དྲ་བས་དྲ་བའི་ཞབས་ཞུ་ཆས་ལྟེ་བར་མཐུད་དེ་བདེ་འཇགས་ལྡན་པའི་ཕུག་ལམ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད། 
  • མདོར་བསྡུས་ན། རྟོག་བཟོས་མི་སྒེར་དྲ་བའམ། (VPN)་གསང་རྒྱ་མཁོ་སྤྲོད་བྱེད་པར་ཤུགས་སྣོན་རྒྱག་ལ། ཁྲོར་དང་ཨོར་བྷོར་གྱིས་ཁྱེད་ལ་གསང་རྒྱ་མཁོ་སྤྲོད་བྱེད་པར་མ་ཟད། ཁྱེད་ཀྱི་ངོ་བོ་སྦ་གསང་བྱེད་ངེས།
  • དུས་རྒྱུན་དུ་སྐུད་མེད་དྲ་བ་གཅིག་བཀོལ་སྤྱོད་མི་བྱེད་པར། སྤྱི་སྤྱོད་སྐུད་མེད་དྲ་བ་སྣ་ཚོགས་ལ་སྦྲེལ་དགོས།
  • བྱང་བུ་ཡོད་པའི་ཁ་པར་དང་བྱང་བུ་མེད་པའི་ཁ་པར་གཉིས་ཀ་སྐུད་མེད་དྲ་བ་གཅིག་ལ་མ་སྦྲེལ། དེ་ལྟར་བྱས་ན། བདེ་འཇགས་འབྲེལ་མཐུད་ཀྱི་ཆེད་དུ་བཀོལ་གྱིན་པའི་ཁ་པར་དང་ཁྱེད་རང་སྒེར་གྱི་ཁ་པར་གཉིས་ཀའི་བར་དུ་འབྲེལ་བ་བཟོ་མི་ཐུབ་པས། སོ་སོའི་བདེ་འཇགས་ལ་ཕན། 
  • ཀུ་ཤུ་ཁ་པར་དང་ཨན་ཌོ་ཁ་པར་གཉིས་ཀའི་གང་ཡིན་ཀྱང་། དེའི་ནང་གི་ངའི་ཁ་པར་འཚོལ་ཟེར་བའི་གདམ་ག་དེ་སྒོ་རྒྱག་དགོས། དེ་མ་གཏོགས། མི་གཞན་གྱིས་སྤྲིན་མཛོད་དང་ཁྱེད་རང་སྒེར་གྱི་དྲ་སྟེང་གི་ཐོ་མཛོད་ཀྱི་ཁ་བྱང་བེད་སྤྱད་དེ་ཁྱེད་རང་རྗེས་འདེད་གཏོང་སྲིད།

ལག་ལེན་ཡག་ཤོས་ཁག

  • ཁ་པར་སྟེང་གི་བཀོལ་ཆས་ཀྱི་གྲངས་ཀ་ཉུང་དུ་ཐོངས།
  • བཀོལ་ཆས་ནང་འཇུག་མ་བྱས་པའི་སྔོན་དུ། བཀོལ་ཆས་དེ་སུས་བཟོས་མིན་དང་། བཀོལ་ཆས་དེའི་ཆོག་མཆན་ཁག་ལ་ཞིབ་ལྟ་བྱེད་དགོས། 
  • རང་ཉིད་ཀྱི་ཉེན་ཁ་ངོ་ཤེས་དགོས། 
  • རང་ཉིད་ལ་འཕྲད་ངེས་པའི་ཉེན་ཁ་ངོས་འཛིན་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། ཉེན་ཁ་ངོས་འཛིན་བྱས་པ་ཡིན་ན། ཉེན་ཁ་ཆུང་དུ་གཏོང་བར་བྱེད་ལས་གང་དག་རྩོམ་དགོས་མིན་ཤེས་པས། རང་ཉིད་ཀྱི་དྲ་ཐོག་གི་བྱེད་སྒོ་ཁག་ལ་བདེ་འཇགས་བསྐྲུན་ཐུབ།