མུ་འགོད་རྩོམ་ཡིག་ཁག་གཉིས་པ།
རྩོམ་ཡིག་འདིའི་དམིགས་བྱ་གཙོ་བོ་ནི། དེང་རབས་ཀྱི་ཚན་རྩལ་འཕྲུལ་ཆས་དང་། སྤྱི་ཚོགས་འབྲེལ་མཐུད་དྲ་བ་སོགས་བཀོལ་སྤྱོད་བྱས་པ་ལ་བརྟེན་ནས་འབྱུང་སྲིད་པའི་ཉེན་ཁའི་སྐོར་ལ་གོ་རྟོགས་སྤེལ་རྒྱུ་དང་ཤེས་བྱ་བརྒྱུད་སྤེལ་བྱེད་རྒྱུ་དེ་ཡིན།
རིག་ནུས་ཀྱི་ཁ་པར་ལྟ་བུའི་དེང་རབས་ཀྱི་འཕྲུལ་ཆས་དང་དྲ་རྒྱ་སོགས་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་མ་ཟད། འབྱུང་འགྱུར་གྱི་ལོ་ཟླའི་ཁྲོད་དུའང་། ང་ཚོ་དེང་རབས་ཀྱི་འཕྲུལ་ཆས་དེ་དག་ལ་སྔར་ལས་མང་བ་བརྟེན་ངེས་པ་ཡིན། དྲ་རྒྱ་དང་ལག་ཐོགས་ཁ་པར་སོགས་ཀྱི་སྤྱོད་སྒོ་དང་བཀོལ་སྤྱོད་ཀྱི་གཞི་རྒྱ་ཆེ་རུ་ཕྱིན་པ་ལ་བརྟེན་ནས། དྲ་ཐོག་གི་ནག་ཉེས་ཀྱི་དོན་རྐྱེན་ཡང་སྔར་ལས་ལྡབ་འགྱུར་གྱིས་མང་དུ་ཕྱིན་ཡོད་ལ། མ་འོངས་པར་གནས་སྟངས་དེ་སྔར་ལས་ཛ་ཇེ་དྲག་ཏུ་འགྲོ་ངེས། དྲ་ཐོག་གི་ཉེས་ཅན་པ་དེ་ཚོའི་ཚུལ་མིན་གྱི་བྱ་སྤྱོད་དེ་དག་གི་རྒྱབ་ཏུ་དམིགས་ཡུལ་སྣ་ཚོགས་ཤིག་ཡོད་དེ། དཔེར་ན། ཁ་ཤས་ཀྱིས་སྤྲོ་སྣང་ཙམ་གྱི་ཆེད་དང་། ཁ་ཤས་ཀྱིས་དགྲ་ཤ་ལེན་པའི་ཆེད། ཡང་ཁ་ཤས་ཀྱིས་དངུལ་སྒོར་གཡོ་འཕྲོག་བྱེད་པའི་ཆེད་དུ་མི་གཞན་ལ་འཇབ་རྒོལ་བྱེད་ཀྱི་ཡོད། ད་དུང་། དེ་མ་ཟད། དྲ་ཐོག་གི་ཉེས་ཅན་པ་ཁ་ཤས་ཀྱི་རྒྱབ་ཏུ་སྲིད་གཞུང་ཡང་ཡོད།
ང་ཚོས་ནམ་རྒྱུན་རང་ཉིད་སྒེར་གྱི་གནས་ཚུལ་དང་། རང་ཉིད་ཀྱི་ལས་ཀ་དང་འབྲེལ་བའི་གནས་ཚུལ་ཁག་དྲ་ཐོག་ཏུ་སོ་སོའི་གྲོགས་པོ་དང་། ལས་རོགས། འགོ་ཁྲིད་སོགས་ལ་མཉམ་སྤྱོད་བྱེད་སྲོལ་ཡོད། གནས་ཚུལ་དེ་དག་མི་ངན་པ་ཞིག་གི་ལག་ཏུ་ཤོར་བ་ཡིན་ན། དེ་བརྒྱུད་ནས་ཁྱེད་ལ་གནོད་པ་ཆེན་པོ་ཕོག་སྲིད་ཀྱི་ཡོད། རྒྱུ་མཚན་དེའི་དབང་གིས། རང་ཉིད་ཀྱིས་དྲ་སྟེང་དུ་གནས་ཚུལ་གང་དག་མཉམ་སྤྱོད་དང་བརྒྱུད་སྐུར་བྱེད་ཀྱི་ཡོད་མེད་སྐོར་ལ་ངོས་ཟིན་ཐོབ་པ་བྱེད་རྒྱུ་དང་། དེའི་འབྲེལ་གྱི་ཉེན་ཁའི་སྐོར་ལ་སྔོན་འགོག་གི་བྱེད་སྒོ་ཁག་རྩོམ་དགོས།
གསང་ཚིག (གསང་གྲངས།) (གསང་ཨང་།)
རང་ཉིད་ཀྱི་གནས་ཚུལ་དང་འབྲེལ་བའི་གསང་རྒྱ་ཁག་ཐེག་བྱེད་ཐབས་ཀྱི་གཞི་རྩའི་གདམ་ག་གཅིག་ནི་གསང་ཚིག་ཆགས་ཡོད། དྲ་སྟེང་དུ་གསང་ཚིག་ཅིག་བཟོ་བའི་སྐབས་སུ། དེའི་ཁོངས་སུ། ཡི་གེ་ཆེ་བ་དང་ཆུང་བ། མཚོན་རྟགས། ཨང་གྲངས་སོགས་ཡོད་པ་ཞིག་བཟོ་དགོས། གསང་ཚིག་གི་ཁོངས་སུ། ཕ་མའི་མིང་དང། སྐྱེས་ཚེས། པིར་མིང་སོགས་མི་གཞན་གྱིས་ཚོད་དཔག་བྱེད་སླ་བ་དེ་འདྲ་རྩ་བ་ནས་འཇུག་མི་རུང་། དེ་མ་ཟད། རང་ཉིད་ཀྱི་གསང་ཚིག་དྲ་སྟེང་ནས་མི་གཞན་ལ་བསྐུར་མི་རུང་། གསང་ཚིག་བརྟན་པོ་ཞིག་བཟོས་ཡོད་རུང་། དེ་བརྟན་པོ་མེད་པའི་དྲ་རྒྱའི་བརྒྱུད་ལམ་ཞིག་ནས་མི་གཞན་ལ་བསྐུར་ན། གསང་ཚིག་བརྟན་པོ་བཟོས་པ་དེས་དོན་གོ་ཆོད་མེད།
སྤྱི་ཚོགས་འབྲེལ་མཐུད་དྲ་བ།
སྤྱི་ཚོགས་འབྲེལ་མཐུད་དྲ་བ་དར་ཁྱབ་ཆེན་པོ་ཕྱིན་པ་དེས། མི་ཕན་ཚུན་བར་འབྲེལ་འདྲིས་བྱ་སའི་ལམ་ཁ་གསར་བ་ཞིག་བསྐྲུན་ཡོད་ལ། དྲ་ལམ་འབྲེལ་འདྲིས་ཀྱི་སྡིངས་ཆ་དེ་དག་མི་ཚོའི་འཚོ་བའི་ཁྲོད་ཀྱི་ཆ་ཤས་གལ་ཆེན་ཞིག་ཀྱང་ཆགས་ཡོད། སྤྱི་ཚོགས་འབྲེལ་མཐུད་དྲ་བས་ཕ་མ་དང་། གྲོགས་པོ། ནང་མི། ལས་གྲོགས་སོགས་ལ་འབྲེལ་བ་བྱེད་པར་རོགས་འདེགས་བྱེད་ཀྱི་ཡོད་ནའང་། དེས་དུས་མཚུངས་སུ། མི་ཚོར་བདེ་འཇགས་དང་འབྲེལ་བའི་སེམས་འཚབ་ཅིག་ཀྱང་ཞོར་དུ་བསྐྲུན་གྱིན་ཡོད། གང་ཡིན་ཞེ་ན། གཞི་གྲངས་ཀྱི་གསང་རྒྱ་དང་། གཞི་གྲངས་ལྐོག་འཁྱེར་གྱི་དྲ་འབུ། མཉེན་འབུའི་འཇབ་རྒོལ་སོགས་མི་སྒེར་གྱི་སྤྱི་ཚོགས་འབྲེལ་མཐུད་དྲ་བ་དང་འབྲེལ་བ་ཆགས་བསྡད་ཡོད།
དེར་བརྟེན། སྤྱི་ཚོགས་འབྲེལ་བའི་དྲ་བའི་སྟེང་དུ་རང་ཉིད་ཀྱི་གནས་ཚུལ་གང་དག་ཡར་འཇུག་བྱེད་དགོས་མིན་ཐད་ལ་ཡིད་གཟབ་བྱེད་རྒྱུ་ཧ་ཅང་གལ་ཆེ། ཁ་པར་དང་མཉེན་ཆས་སོགས་ཀྱི་སྔར་ཡོད་ཀྱི་སྒྲིག་འགོད་ཁག་རང་ཉིད་ཀྱི་བདེ་འཇགས་ཀྱི་དགོས་དམིགས་གཞིར་བཟུང་སྟེ། དེ་དག་ལ་དགོས་ངེས་ཀྱི་འགྱུར་བ་གཏོང་དགོས་ལ། ཕྱོགས་གསུམ་པའི་མཉེན་ཆས་ཤིག་ནང་འཇུག་བྱེད་སྐབས་དང་། མཉེན་ཆས་དེ་རང་ཉིད་ཀྱི་སྤྱི་ཚོགས་འབྲེལ་མཐུད་དྲ་བའི་ཁ་བྱང་ལ་སྦྲེལ་སྐབས། མཉེན་ཆས་དེའི་ཆོག་མཆན་ཁག་ལ་ཞིབ་ལྟ་བྱེད་དགོས།
ཟུར་སྣོན་དང་འབྲེལ་ཐག
དེང་དུས་ཀྱི་ཡིག་ཆ་བརྒྱུད་གཏོང་དང་མཉམ་སྤྱོད་ཀྱི་ལམ་ཁ་ཁྱབ་ཆེ་ཤོས་ནི་ཡིག་ཟམ་ནང་གི་ཟུར་སྣོན་དང་འབྲེལ་ཐག་ཆགས་ཡོད་ལ། ཡིག་ཟམ་ནང་དུ་ཡིག་ཆ་ཞིག་འབྱོར་སྐབས། ང་ཚོས་བསམ་བློ་གང་ཡང་མ་བཏང་བའི་ཐོག་ནས་དེ་དག་ཁ་འབྱེད་ཀྱི་ཡོད། དེ་བས། དྲ་ཐོག་གི་འཇབ་རྒོལ་པ་ཚོས་ལས་སླ་པོའི་ཐོག་ནས་ལམ་ཁ་དེ་བརྒྱུད་དེ་མཉེན་འབུ་ཁྱབ་གཏོང་ཐུབ་ཀྱི་ཡོད། ཁྱེད་ལ་འབྲེལ་ཐག་ཅིག་གང་ནས་འབྱོར་མིན་དང་ཇི་ལྟར་འབྱོར་མིན་སོགས་ཀྱི་སྐོར་ཤེས་པར་བྱ་རྒྱུ་གལ་ཆེ། ཟུར་སྣོན་དང་འབྲེལ་ཐག་ཁ་མ་ཕྱེ་བའི་སྔོན་ལ་ཞིབ་འཇུག་བྱེད་དགོས། ཟུར་སྣོན་དང་འབྲེལ་ཐག་དེ་དག་ཁ་མ་ཕྱེ་བའི་ཐོག་ནས་སྔོན་ལྟ་བྱེད་ཆོག་པའི་གདམ་ག་ཡོད་ཚེ། གདམ་ག་དེ་བཀོལ་སྤྱོད་བྱེད་རྒྱུ་གལ་ཆེ། ག་དུས་ཡིན་ཡང་། རང་ཉིད་བདེ་འཇགས་ངང་གནས་ཐུབ་ན་ཡག་པོ་ཡོད།
རིག་ནུས་ཁ་པར་དང་ཡོ་ཆས་ཁག
ཁ་པར་གྱི་སྟེང་ནས་མཛུབ་གནོན་ཐེངས་གཅིག་གིས་དོན་དག་ཡོད་ཚད་སྒྲུབ་ཐུབ་པས། དུས་རྟག་ཏུ་རང་ཉིད་ཀྱི་ཁ་པར་ལ་དྲ་ཐོག་གི་འཇབ་རྒོལ་པའི་གནོད་སྐྱོན་ཕོག་ཏུ་མ་བཅུག་པར་བརྟན་པོ་ཉར་རྒྱུ་གལ་ཆེ། དཔེར་ན། མཉེན་ཆས་དུས་རྟག་ཏུ་གསར་སྣོན་བྱེད་པ་ལྟ་བུའོ།། དུས་རྒྱུན་མི་ཚོས་མཉེན་ཆས་གསར་སྣོན་བྱེད་རྒྱུར་ཉོབ་སྣང་བྱེད་ཀྱི་ཡོད། གསར་སྣོན་བྱེད་པར་དུས་ཡུན་གང་འཚམ་འགོར་ངེས་ཀྱང་། གསར་སྣོན་བྱེད་པ་ནི། ཁང་པ་ཞིག་གི་ཁང་ཀླད་ཀྱི་ཨི་ཁུང་མེད་པར་བཟོས་ཏེ། ཐིགས་ཆུ་འགོག་པ་དང་འདྲ་བས། གསར་སྣོན་བྱས་ན། རང་ཉིད་ཀྱི་ཁ་པར་ནང་དུ་བདེ་འཇགས་ཀྱི་ཁྱད་ཆོས་གསར་པ་ཁ་སྣོན་བྱས་ཏེ། མི་གཞན་གྱིས་འཇབ་རྒོལ་བྱེད་མ་ཐུབ་པ་བཟོ་ཐུབ། འོན་ཀྱང་། ཁྱེད་ཀྱིས་སོ་སོའི་ཁ་པར་ནང་དུ་གནོད་ཚབས་ཆེ་བའི་བཀོལ་ཆས་རིགས་ཕབ་ལེན་བྱས་ན། མ་ལག་དང་མཉེན་ཆས་གསར་སྣོན་བྱས་རུང་གོ་མི་ཆོད། དེར་བརྟེན། རྒྱུན་དུ། མཉེན་ཆས་རིགས་ཁུངས་ལྡན་གྱི་གནས་ནས་ཕབ་ལེན་བྱེད་རྒྱུ་གལ་ཆེ། མཉེན་ཆས་དག་གིས་ཆོག་མཆན་གང་དག་ཞུ་གི་ཡོད་མེད་ལྟ་རྒྱུ་དང་། མཉེན་ཆས་བཟོ་སྐྲུན་བྱེད་མཁན་སུ་ཡིན་མིན་སྐོར་ལ་ཞིབ་འཇུག་ཀྱང་བྱེད་དགོས། མཐའ་མར། རང་ཉིད་ཀྱི་ཁ་པར་གྱི་འཆར་ངོས་ཟྭ་རྒྱག་དགོས། དེ་ལྟར་བྱས་ན། རང་ཉིད་ཀྱི་ཁ་པར་ནང་གི་གཞི་གྲངས་ཁག་སྲུང་སྐྱོབ་བྱེད་ཐུབ།