དྲ་རྒྱའི་བདེ་འཇགས་སྐོར་གྱི་གཞི་རྩའི་དོན་གནད་གལ་ཆེན་ཁག

མི་ཞིག་གིས་གཞི་རྩའི་དྲ་རྒྱའི་བདེ་འཇགས་ཀྱི་སྐོར་ལ་ཤེས་དགོས་པའི་དོན་གནད་གལ་ཆེན་ཁག

ཏོག་དབྱིབས་ནད་དུག་གིས། དངོས་སུ་ལས་ཞུགས་བྱེད་མ་དགོས་པར་རང་གནས་ནས་ལས་ཀ་བྱེད་ཆོག་པའི་ཁོར་ཡུག་གསར་པ་ཞིག་བསྐྲུན་པར་བརྟེན། དྲ་ཐོག་གི་འཇབ་རྒོལ་གྱི་དོན་རྐྱེན་སྔར་ལས་མང་དུ་ཕྱིན་ཡོད་རུང་། མི་མང་པོ་ཞིག་ད་དུང་འཇབ་རྒོལ་དེ་འདྲའི་རིགས་ལ་གདོང་ལེན་བྱེད་རྒྱུའི་གྲ་སྒྲིག་གང་ཡང་མེད།

དེར་བརྟེན། བདག་གིས་སྙིང་ཉེ་བའི་དྲ་གྲོགས་ཚོར། དེང་སང་ཁྱབ་ཆེ་བའི་དྲ་ཐོག་གི་འཇབ་རྒོལ་གྱི་ཐབས་རྩལ་སྣ་ཚོགས་ལ་གདོང་ལེན་བྱ་ཐབས་ཀྱི་མུ་འབྲེལ་རྩོམ་ཡིག་ཁག་ཅིག་སྤེལ་བའི་སེམས་ཐག་བཅད་པ་ཡིན། 

དེ་ན་གཤམ་དུ་རྩོམ་ཡིག་དེ་དག་གི་བརྗོད་གཞི་ཁག་ལ་རགས་ཙམ་ལྟ།

རང་ངོས་ནས་དྲ་རྒྱའི་གོ་རྟོགས་མཐོ་རུ་གཏོང་བ་དང་སྔོན་འགོག་གི་བྱེད་སྒོ་རྩོམ་པ། 

མ་ལག་དང་མཉེན་ཆས་བཟོ་སྐྲུན་ཁང་དག་གིས་འཛད་སྤྱོད་པ་སྲུང་སྐྱོབ་བྱེད་པའི་ཆེད་དུ། ཐབས་ཤེས་གང་ཡོད་བཏོན་ཏེ་འབད་པ་བྱེད་ཀྱི་ཡོད་རུང་། མི་སྒེར་གྱི་དྲ་རྒྱའི་བདེ་འཇགས་ནི། སོ་སོའི་ཁྱིམ་གྱི་རྒྱལ་སྒོའི་ཟྭའམ་སྒོ་ལྕགས་དང་ཆ་འདྲ་པོ་ཡོད། ཉེན་རྟོག་པ་ཚོས་ཁྱེད་ཀྱི་ཁྱིམ་སྲུང་སྐྱོབ་བྱེད་ངེས་ཀྱང་། ཁྱེད་ཀྱིས་རང་ཁྱིམ་གྱི་རྒྱལ་སྒོར་ཟྭ་རྒྱག་དགོས། མདོར་དེད་ནས་བཤད་ན། དྲ་རྒྱའི་བདེ་འཇགས་འགན་ལེན་བྱེད་རྒྱུ་ནི་མི་ཚང་མའི་འགན་འཁྲི་ཡིན་ནོ།།

ཁྱེད་ཀྱིས་སོ་སོའི་དྲ་རྒྱའི་གོ་རྟོགས་མཐོ་རུ་གཏོང་ཐབས་སུ། དུས་རྒྱུན་དུ་དྲ་ལམ་ཉེན་སྲུང་གི་གནད་དོན་ཁག་ཤེས་པ་བྱེད་དགོས། 

དྲ་རྒྱའི་བདེ་འཇགས་ཀྱི་གནད་དོན་མང་དག་ཅིག་ཁྱེད་རང་གི་དྲ་རྒྱའི་བདེ་འཇགས་སྐོར་གྱི་གོ་རྟོགས་ག་འདྲ་ཡོད་མེད་ལ་རག་ལུས་བསྡད་ཡོད། གནས་སྟངས་མང་དག་གི་ཁྲོད་དུ། དྲ་ཐོག་གི་འཇབ་རྒོལ་པའི་ངན་ཇུས་ཁག་ལམ་ལྷོང་འབྱུང་ཐུབ་ཀྱི་ཡོད་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། མི་ཚོས་གཞི་རྩའི་འཕྲུལ་རིག་ཉེན་སྲུང་གི་ཐབས་ལམ་ཁག་ལ་སྣང་ཆུང་དང་སྣང་མེད་གཏོང་གི་ཡོད་པས་ཕྱིར་རོ།།

མི་སྒེར་གྱི་དྲ་ལམ་གློག་རྡུལ་ངོ་བོ་དང་འཕྲུལ་རིག་གི་འཇིག་རྟེན་ལ་རྒྱུས་ལོན།

དྲ་རྒྱའི་འཇིག་རྟེན་དུ། ཁྱེད་ལ་གློག་རྡུལ་གྱི་རྣམ་པའི་ནང་ཡོད་པའི་ངོ་བོ་མང་པོ་ཡོད། ཡོ་ཆས་ཤིག་གི་ནང་དུ་འཛུལ་བའམ། དྲ་ལམ་གྱི་ཐོ་མཛོད་གང་རུང་ལ་འཛུལ་བར་ཁྱེད་རང་སྒེར་གྱི་ངོ་བོ་དང་འབྲེལ་བའི་གཞི་གྲངས་ཡར་འཇུག་བྱེད་དགོས་ཀྱི་ཡོད་ལ། དུས་མཚུངས་སུ་གསང་བའི་གཞི་གྲངས་དང་གསང་གྲངས་སོགས་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད། གང་ཡིན་ཞེ་ན། གཞི་གྲངས་དེ་དག་ཁྱེད་ཀྱི་འཚོ་བ་དངོས་ཀྱི་ནང་གི་ཐོབ་ཐང་ལག་འཁྱེར་དང་། ངོ་གདོང་། སྐད་སྒྲ་སོགས་ལ་ཆ་འདྲ་བོ་ཡོད། 

རང་འགུལ་གྱི་ཐོག་ནས་བདེ་འཇགས་གསར་སྣོན་ནུས་ཡོད་བཟོ་བ།

ཁྱེད་རང་གི་ཡོ་ཆས་ཀྱི་བདེ་འཇགས་འགན་ལེན་བྱེད་ཐུབ་པའི་ཆེད་དུ། དེའི་ནང་གི་མ་ལག(སྐར་ཁུང་། ཨན་ཌོ། ཀུ་ཤུ)་དང་། མཉེན་ཆས་ཁག  དེ་བཞིན་འཚོལ་བཤེར་མ་ལག་གམ་དྲ་རྒྱའི་བཤེར་ཆས་ནང་གི་ཁ་སྣོན་ཡོ་ཆས་རང་འགུལ་གྱི་ཐོག་ནས་གསར་སྣོན་བྱེད་པའི་ཁྱད་ཆོས་ཀྱི་ཐོག་ཏུ་སྒྲིག་དགོས། 

མཉེན་ཆས་གསར་སྣོན་བྱས་ན། ཕྱོགས་གཅིག་ནས་མཉེན་ཆས་དེའི་ཁོངས་སུ་ཡོད་པའི་དེ་སྔོན་གྱི་སྐྱོན་ཆ་ཁག་དག་སེལ་བྱེད་ཐུབ་པ་མ་ཟད། ཕྱོགས་གཞན་ཞིག་ནས། དེའི་ནང་དུ་ཁྱད་ཆོས་ཐོན་གསར་བ་ཁག་ཁ་སྣོན་བྱེད་ཀྱི་ཡོད་སྟབས། འཇབ་རྒོལ་པའི་གནོད་འཚེ་ཕོག་སྲིད་པའི་ཉེན་ཁ་ཧ་ཅང་ཆུང་།

དེ་མ་ཟད། རང་ཉིད་ཀྱི་རྩིས་འཕྲུལ་དང་ཁ་པར་ནང་གི་ཉེན་འགོག་ལྕགས་རི་དང་ནད་དུག་འགོག་ཆས་སོགས་དུས་ཐོག་ཏུ་གསར་སྣོན་བྱེད་དགོས། དེ་ལྟར་བྱས་ན། འཇབ་རྒོལ་པས་ཁྱེད་ཀྱི་མ་ལག་ལ་སྟངས་འཛིན་བྱེད་པ་དང་། ཁྱེད་ཀྱི་གཞི་གྲངས་རྐུ་འཁྱེར་བྱེད་པ། ཁྱེད་ཀྱི་ཡོ་ཆས་ལ་གནོད་སྐྱོན་གཏོང་བ་སོགས་བྱེད་མི་ནུས། 

རྒྱུས་མེད་ཀྱི་འབྲེལ་ཐག་གང་བྱུང་གི་ཐོག་ཏུ་མི་གནོན་པ་དང་། མི་གཞན་ལ་བརྒྱུད་སྐུར་མི་བྱེད་པ། 

དྲ་ཚིགས་ཤིག་ཁུངས་ལྡན་ཡིན་མིན་ལ་ཞིབ་འཇུག་མ་བྱས་པར་འབྲེལ་ཐག་གང་བྱུང་གི་ཐོག་ཏུ་གནོན་པའམ། ཡིག་ཟམ་ནང་འཕྲིན་ཡིག་གཏོང་མཁན་གྱི་གང་ཟག་ཅིག་གི་ངོ་བོ་བདེན་དཔང་མ་བྱས་པར། མི་དེས་བཏང་བའི་ཟུར་སྣོན་ཕབ་ལེན་བྱས་ཚེ། རང་ཉིད་ཀྱི་ཡོ་ཆས་ཀྱི་ནང་དུ་གནོད་ཚབས་ཆེ་བའི་མཉེན་ཆས་ནང་འཇུག་བྱེད་སྲིད་ལ། འབྲེལ་ཐག་ཅིག་གི་ཐོག་ཏུ་མནན་པ་ཙམ་གྱིས་དེས་ཁྱེད་རང་ཉིད་ཀྱིས་ཀྱང་སོ་སོའི་གཞི་གྲངས་ཁག་ལྟ་ཀློག་བྱེད་མི་ཐུབ་པ་བཟོས་ཏེ། ཟྭ་བརྒྱབ་པའི་གཞི་གྲངས་དེ་ཁ་འབྱེད་པར་བླུ་ཡོན་སྤྲོད་དགོས་པ་ཆགས་ཀྱི་ཡོད། དེ་བས། རང་ཉིད་ཀྱི་དྲ་རྒྱ་བཤེར་ཆས་ཀྱི་ནང་དུ། མཉེན་ཆས་ཁག་རང་འགུལ་གྱི་ཐོག་ནས་ཕབ་ལེན་བྱེད་པའི་བྱེད་ལས་ཁག་བཀག་འགོག་བྱེད་སྤྱད་ཀྱི་ཁ་སྣོན་ཡོ་ཆས་སྒྲིག་འཇུག་བྱེད་རྒྱུ་གལ་ཆེ།

ད་དུང་། ཁྱེད་ཀྱིས་དྲ་ལམ་གྱི་ཐོ་མཛོད་ཀྱི་མིང་དང་གསང་ཚིག(གསང་གྲངས) སོགས་དྲ་ཐོག་ནས་མི་གཞན་ལ་བརྒྱུད་སྐུར་བྱེད་མི་རུང་།

དྲ་ལམ་གྱི་ཐོ་མཛོད་གང་རུང་དུ་ནང་འཛུལ་བྱེད་པར། ངོ་གདོང་ངོས་འཛིན་དང་། མཛུབ་རིས་ངོས་འཛིན། འཕྲིན་ཐུང་སོགས་བརྒྱུད་ནས་ངོ་བོ་བདེན་དཔང་བྱེད་པའི་ཐབས་ལམ་སྣ་ཚོགས་བཀོལ་དགོས།

ཁ་པར་ནང་འབྱོར་བའི་ཐེངས་གཅིག་བཀོལ་སྤྱོད་བྱེད་ཆོག་པའི་གསང་གྲངས་རིགས་མི་གཞན་ལ་སྤྲོད་མི་རུང་།

འཕྲུལ་རིག་ཆེད་མཁས་པ་དག་གིས་ང་ཚོར་དྲ་ལམ་དུ་རང་ཉིད་སྒེར་གྱི་གནས་ཚུལ་གང་ཉུང་ཉུང་ཡར་འཇུག་བྱེད་པའི་སྐུལ་མ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། དྲ་ལམ་དུ་རང་ཉིད་ཀྱི་གནས་ཚུལ་ག་ཚོད་ཉུང་བ་ཡར་འཇུག་བྱས་ན། མི་གཞན་གྱིས་ཁྱེད་ལ་འཇབ་རྒོལ་བྱེད་སའི་ལམ་ཁ་ཉུང་དུ་འགྲོ་གི་ཡོད། དེ་མ་ཟད། ཁྱེད་ཀྱིས་སོ་སོའི་དྲ་ལམ་གྱི་ཐོ་མཛོད་ཁག་གི་གསང་རྒྱའི་སྒྲིག་འགོད་ལ་ཞིབ་ལྟ་བྱེད་དགོས།

མི་གཞན་གྱིས་ལས་སླ་པོའི་ཐོག་ནས་འཚོལ་རྙེད་ཐུབ་པའི་གསང་ཚིག་སྒྲིག་བཟོ་མ་བྱེད།

གསང་ཚིག(གསང་གྲངས) ལས་སླ་པོ་བཟོས་ན། དེས་མི་གཞན་གྱིས་འཚོལ་རྙེད་བྱེད་སླ། དྲ་ཐོག་གི་འཇབ་རྒོལ་པས་ཚིག་མཛོད་ནང་དུ་ཡོད་པའི་མིང་ཚིག་ཁག་གཞིར་བཞག་ནས་བཟོས་པའི་མཉེན་ཆས་བེད་སྤྱད་དེ། མི་ཚོས་དུས་རྒྱུན་བཀོལ་སྤྱོད་བྱེད་སྲོལ་ཡོད་པའི་རྒྱུན་ལྡན་གྱི་གསང་ཚིག་ས་ཡ་མང་པོ་ཚོད་དཔག་བྱེད་ཀྱི་ཡོད། དེ་བས་ལས་སླ་པོའི་ཐོག་ནས་ཚོད་དཔག་བྱེད་སླ་བའི་གསང་ཚིག་རྩ་བ་ནས་མ་བཟོ། ལྷག་པར་དུ། གསང་ཚིག་གི་ཁོངས་སུ། རང་ཉིད་ཀྱི་མིང་དང་། སྐྱེས་ཚེས། ཁྱིམ་ཚང་གི་སོགས་བཀོལ་སྤྱོད་མ་བྱེད། གང་ཡིན་ཞེ་ན། འཇབ་རྒོལ་པས་ཁྱེད་ཀྱི་མི་ཚེའི་སྐོར་ལ་དབྱེ་ཞིབ་བྱེད་སྲིད་ཀྱི་ཡོད།

རང་ཉིད་ཀྱི་དྲན་སླ་ཡང་། འཇབ་རྒོལ་པས་ཚོད་དཔག་བྱེད་དཀའ་བའི་གསང་ཚིག་ཇི་ལྟར་བཟོ་དགོས། རང་ཉིད་ཀྱི་དྲན་སླ་བའི་ཚིག་གྲུབ་ཞིག་བཟོས་རྗེས། ཚིག་གྲུབ་དེའི་ནང་གི་མིང་ཚིག་རེ་རེའི་མདུན་གྱི་ཡིག་འབྲུ་དང་པོ་དེ་ཚོ་ལོགས་སུ་བཏོན་ན། གསང་ཚིག་བརྟན་པོ་ཞིག་ཆགས་པ་ཡིན་ལ། ད་དུང་དེའི་ནང་དུ་ཨང་གྲངས་དང་མཚོན་རྟགས་སོགས་བཅུག་ན། གསང་ཚིག་སྔར་ལས་ཀྱང་བརྟན་པོ་ཆགས་པ་ཡིན།

གསང་ཚིག་རིང་པོ་དགོས་ཀྱི་ཡོད་ལ། དྲ་ཐོག་གི་ཐོ་མཛོད་རེ་རེར་གསང་ཚིག་མི་འདྲ་བ་རེ་བཟོ་དགོས། གལ་ཏེ། གསང་ཚིག་དེ་ཚོ་དྲན་པར་དཀའ་ངལ་འདུག་ཚེ། ཁྱེད་ལ་གསང་ཚིག་དོ་དམ་གྱི་མཉེན་ཆས་དགོས་ཀྱི་ཡོད། མཉེན་ཆས་དེ་བཀོལ་སྤྱོད་བྱས་ན། ཁྱེད་ཀྱི་ཐོ་ཁོངས་གཅིག་གི་གསང་ཚིག་མ་གཏོགས་དྲན་མི་དགོས།

འཇབ་རྒོལ་པའི་སྤྱི་ཚོགས་ལས་གྲྭའི་འཇབ་རྒོལ་གྱི་ཐབས་ལམ་ཧ་གོ་བ་བྱེད་དགོས། 

སྤྱི་ཚོགས་ལས་གྲྭ་ནི་དྲ་ཐོག་གི་འཇབ་རྒོལ་གྱི་འཇབ་རྒོལ་དང་བསླུ་བྲིད་ཀྱི་ཐབས་ལམ་ཞིག་ཡིན། ཐབས་ལམ་དེའི་ཁྲོད་དུ། འཇབ་རྒོལ་པས་ཁྱེད་རང་མགོ་བསྐོར་བཏང་སྟེ། ཁོང་ཚོར་ཡིད་ཆེས་སུ་བཅུག་སྟེ། ཁྱེད་ཀྱི་གསང་བའི་གནས་ཚུལ་རིགས་ཁོང་ཚོར་མཁོ་སྤྲོད་བྱེད་དུ་འཇུག་གི་ཡོད། ཉེ་བའི་ལོ་ཤས་ནང་། དྲ་ཐོག་གི་འཇབ་རྒོལ་མང་དག་ཅིག་ཁ་པར་བརྒྱུད་ནས་རྩོམ་གྱི་ཡོད། འོན་ཀྱང་། ང་ཚོར་དེའི་སྐོར་ལ་གོ་རྟོགས་ཟབ་མོ་ཡོད་ན། དེང་རབས་ཀྱི་འཕྲུལ་ཆས་གསར་པ་རིགས་བཀོལ་སྤྱོད་བྱེད་པར་ཞེད་སྣང་སྐྱེས་དགོས་དོན་མེད།

སྤྱི་ཚོགས་ལས་གྲྭའི་འཇབ་རྒོལ་མང་དག་ཅིག་གི་ཁྲོད་དུ། ཁྱེད་ཀྱི་ཡིག་ཟམ་གྱི་ནང་དུ་ཛ་དྲག་གི་ཡི་གེ་གཏོང་སྲོལ་ཡོད་ལ། གོ་རིམ་དེའི་ཁྲོད་དུ། ཁྱེད་ཀྱི་གསང་ཚིག་ཁོང་ཚོར་སྤྲོད་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད། གནས་སྟངས་ག་འདྲ་ཞིག་ལ་འཕྲད་ཀྱང་རུང་། ཁྱེད་ཀྱིས་སོ་སོའི་གསང་ཚིག་གཞན་ལ་སྤྲོད་མི་རུང་།

ཁུངས་ལྡན་གྱི་གནས་ནས་མཉེན་ཆས་ཕབ་ལེན་བྱེད་དགོས། 

སོ་སོའི་རྩིས་འཕྲུལ་གྱི་ནང་དུ་མཉེན་ཆས་གང་རུང་ཞིག་ཕབ་ལེན་བྱེད་སྐབས། མཉེན་ཆས་དེ་བཟོ་སྐྲུན་བྱེད་མཁན་གྱི་དྲ་ཚིགས་ངོ་མ་ནས་ཕབ་ལེན་བྱེད་དགོས། ཕབ་ལེན་བྱས་པའི་མཉེན་ཆས་གང་དེའི་ཐོག་ཏུ་ཙི་ཙིའི་མདའ་མགོས་ཐེངས་གཉིས་མནན་ཚེ། མཉེན་ཆས་དེའི་བཟོ་སྐྲུན་བྱེད་མཁན་སུ་ཡིན་མིན་བྲིས་པའི་འཕྲིན་ཐུང་ཞིག་འཆར་ངོས་ལ་མངོན་ཡོང་གི་ཡོད། འཕྲིན་ཐུང་དེའི་ཚོན་མདོག་སྔོན་པོ་དང་། བཟོ་སྐྲུན་བྱེད་མཁན་གྱི་མིང་གསལ་པོ་ཡོད་ཚེ། ནང་འཇུག་བྱས་ན་བདེ་འཇགས་ཡིན། གལ་ཏེ། འཕྲིན་ཐུང་གི་ཚོན་མདོག་སེར་པོ་དང་། བཟོ་སྐྲུན་མཁན་གྱི་མིང་གསལ་པོ་མེད་ཚེ། ནང་འཇུག་བྱེད་མི་རུང་། གང་ཡིན་ཞེ་ན། མཉེན་འབུས་ཁྱེད་ཀྱི་གཞི་གྲངས་ཁག་ལ་གནོད་སྐྱོན་གཏོང་བའི་ཉེན་ཁ་ཡོད། ཁ་པར་གྱི་ནང་དུའང་། བཀོལ་ཆས་ཁག་ཁུངས་ལྡན་གྱི་བཀོལ་ཆས་ཚོང་ཁང་ཁོ་ན་ནས་ཕབ་ལེན་བྱེད་དགོས། ཕྱོགས་གསུམ་པའི་གནས་ནས་ཕབ་ལེན་མ་བྱས་ན་དགའ།

ཡིག་ཟམ་གྱི་ཁ་བྱང་དང་དྲ་ཚིགས་ཀྱི་ཁ་བྱང་ལ་བརྟག་དགོས།

ཡིག་ཟམ་གྱི་ནང་དུ་ཡི་གེ་འབྱོར་སྐབས། ཡིག་ཟམ་གཏོང་མཁན་གྱི་གང་ཟག་དེའི་ཡིག་ཟམ་ཁ་བྱང་དང་། ཡི་གེ་དེའི་ནང་དུ་བཏང་ཡོད་པའི་དྲ་ཚིགས་ཀྱི་ཁ་བྱང་སོགས་ལ་བརྟག་དཔྱད་བྱེད་དགོས། དཔེར་ན། weibo.com ཡིན་པ་ལྟ་བུའི་དྲ་ཚིགས་ཀྱི་ཁ་བྱང་ཞིག་བཏང་ཡོད་རུང་། དེའི་ཐོག་ཏུ་བསྣུན་པའི་སྐབས་སུ། ཁྱེད་རང་weibo དང་འབྲེལ་བ་མེད་པའི་གཞན་པ་ལ་འཁྲིད་འགྲོ་མཁན་དེ་འདྲ་ཡོད། དྲ་ཚིགས་དེ་འདྲ་ཞིབ་ཏུ་བལྟས་ན། དེའི་ནང་དུ་དྲ་ཚིགས་ངོ་མའི་ནང་དུ་ཡི་གེ་འཕར་མ་གཅིག་བཅུག་ཡོད་པ་དེ་འདྲ་ཡོད།  དཔེར་ན། weibo.com ཚབ་ཏུ།  weiboo.com་ལྟ་བུ། 

ཡིག་ཟམ་དང་དྲ་ཚིགས་ཀྱི་ཁ་བྱང་རྫུན་མ་དེ་དག་གིས་ཁྱེད་ལ་མགོ་སྐོར་བཏང་སྟེ། དྲ་ཚིགས་དེ་འདྲའི་སྟེང་དུ། ཁྱེད་ཀྱི་ཐོ་འགོད་མིང་དང་གསང་ཚིག་སོགས་ཡར་འཇུག་བྱེད་དུ་བཅུག་སྟེ། ཁྱེད་ཀྱི་གསང་ཚིག་རྐུ་འཁྱེར་བྱེད་སྲོལ་ཡོད། མཚམས་རེར། འཇབ་རྒོལ་དེ་འདྲའི་ཁྲོད་དུ། འཇབ་རྒོལ་པས་རང་ཉིད་ཚོང་ལས་སྡེ་ཁག་ཆེ་གྲས། ཐུན་ཞུན་(腾讯) དང་ཝེ་པའོ་(微博)་སོགས་ཀྱི་ལས་བྱེད་མི་སྣར་བརྫུས་ཏེ། ཁྱེད་ལ་མགོ་སྐོར་གཏོང་སྲོལ་ཡོད་པས། ཡིག་ཟམ་གཏོང་མཁན་གྱི་མི་དེའི་ཡིག་ཟམ་ཁ་བྱང་བརྟག་དཔྱད་བྱེད་རྒྱུ་གལ་ཆེ། 

སྤྱི་སྤྱོད་སྐུད་མེད་དྲ་བའི་སྐོར་ལ་སློབ་སྦྱོང་བྱེད་དགོས། 

མི་ཚང་མ་སྤྱི་སྤྱོད་སྐུད་མེད་དྲ་བ་བཀོལ་སྤྱོད་བྱེད་རྒྱུར་ཧ་ཅང་དགའ། སྤྱི་སྤྱོད་སྐུད་མེད་དྲ་བ་ནི་འཇབ་རྒོལ་པ་ཁྱེད་ཀྱི་ཁ་པར་ནང་དུ་འཛུལ་བའམ། ཁྱེད་ཀྱི་ཁ་པར་གྱི་ནང་ནས་གཞི་གྲངས་རྐུ་འཁྱེར་བྱེད་པར་མཁོ་བའི་ཁོར་ཡུག་བཟང་པོ་ཞིག་ཆགས་ཀྱི་ཡོད། ཁྱེད་ཀྱིས་སྤྱི་སྤྱོད་སྐུད་མེད་བེད་སྤྱད་དེ་དྲ་ལམ་ནས་བརྙན་སོགས་ལ་བལྟས་ན་སྐྱོན་མེད་ཀྱང་། སྤྱི་སྤྱོད་སྐུད་མེད་དྲ་བ་བཀོལ་སྤྱོད་བྱེད་པའི་སྐབས་སུ། དྲ་ལམ་དུ་རང་ཉིད་སྒེར་གྱི་གནས་ཚུལ་རིགས་ཡར་འཇུག་བྱེད་མི་རུང་། གནས་སྐབས་ཁ་ཤས་ཀྱི་ཁྲོད་དུ། ཁྱེད་རང་སོ་སོའི་ཁྱིམ་དང་བྲལ་ཏེ་ས་ཐག་རིང་པོར་བསྐྱོད་ཀྱང་། ཁྱེད་ཀྱི་ཁ་པར་ནང་གི་སྐུད་མེད་དྲ་བ་དེ་ད་དུང་ཡང་ཁྱེད་རང་གི་ཁྱིམ་གྱི་སྐུད་མེད་དྲ་བར་མཐུད་ཡོད་པ་དེ་འདྲ་འོང་སྲིད། དེ་ནི་གཞན་གང་ཡང་མ་ཡིན་པར། འཇབ་རྒོལ་པས་ཁྱེད་རང་གི་ཁྱིམ་གྱི་སྐུད་མེད་དྲ་བའི་མིང་དང་གསང་ཚིག་གཅིག་པ་ཞིག་རྫུན་བཟོ་བྱས་ཏེ། ཁྱེད་རང་གི་ཁ་པར་ནང་དུ་ལྐོག་འཛུལ་བྱེད་བསམ་གྱི་ཡོད་པ་རེད། 

མཇུག་སྡོམ། 

ཁྱེད་ཀྱིས་དྲ་ལམ་ཉེན་སྲུང་གི་གཞི་རྩའི་ཐབས་ལམ་ཁག་ཧ་གོ་དགོས། རང་ངོས་ནས་དྲ་ལམ་གྱི་བདེ་འཇགས་རྒྱུན་འཁྱོངས་བྱེད་ཐབས་ཀྱི་ལམ་སྟོན་ཁག་བརྩི་སྲུང་བྱས་ཏེ། ཡོ་ཆས་གསར་སྣོན་དང་དྲ་རྒྱའི་བདེ་འཇགས་ཀྱི་རྒྱུན་ཤེས་ཁག་དུས་ཐོག་ཏུ་རྒྱུས་ལོན་བྱེད་ཐུབ་ན། ཁྱེད་རང་དྲ་ཐོག་ཏུ་བདེ་འཇགས་ངང་འཚོ་ཐུབ།

མུ་འབྲེལ་རྩོམ་ཡིག་རྗེས་མའི་ནང་དུ། བདག་གིས་རང་ངོས་ནས་དྲ་རྒྱའི་གོ་རྟོགས་མཐོ་རུ་གཏོང་བ་དང་སྔོན་འགོག་བྱེད་པའི་བརྗོད་གཞིའི་ཐོག་ཏུ་རྒྱས་བཤད་བྱེད་རྒྱུ་ཡིན་པས། དོ་ཁུར་བྱེད་རྒྱུ་མ་བརྗེད་པ་གནང་རོགས། 

Leave a Reply

Your email address will not be published. Required fields are marked *