དེང་སང་ཁྱིམ་ཚང་ཞིག་གི་ནང་གི་ནང་མི་ཡོངས་རྫོགས་ཀྱིས་དྲ་རྒྱ་བཀོལ་སྤྱོད་བྱས་པའི་ཐོག་ནས། དྲ་ལམ་ནས་ཅ་ལག་ཉོ་བ་དང་། དྲ་ཐོག་གི་རྩེད་མོ་ལ་རོལ་བ། སྤྱི་ཚོགས་འབྲེལ་མཐུད་དྲ་བའི་ནང་དུ་ཞུགས་པ་ལ་སོགས་པའི་ལས་སྣ་ཚོགས་ཤིག་རྩོམ་གྱི་ཡོད་སྟབས། རྒན་དར་གཞོན་གསུམ་ཚང་མས་འགན་འཁུར་ཡོད་པའི་ཐོག་ནས་བདེ་འཇགས་ངང་དྲ་རྒྱ་བཀོལ་སྤྱོད་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
རང་ཉིད་ཀྱི་ཁ་པར་གསར་སྣོན་བྱེད་དགོས།
རང་ཉིད་ཀྱི་ཁ་པར་ལ་ནད་འབུས་གནོད་སྐྱོན་མ་ཕོག་པའི་ཆེད་དུ། ཁ་པར་ནང་གི་མ་ལག་དང་མཉེན་ཆས་ཁག་གསར་སྣོན་བྱེད་རྒྱུ་ཧ་ཅང་གལ་ཆེ། མཉེན་ཆས་གསར་སྣོན་གྱི་ཁོངས་སུ། ཁྱད་ཆོས་གསར་པ་ཁ་སྣོན་དང་། བདེ་འཇགས་དང་འབྲེལ་བའི་སྐྱོན་ཆ་ལེགས་བཅོས་སོགས་ཚུད་ཡོད།
རང་ཉིད་ཀྱི་ཁ་པར་ལ་ཟྭ་རྒྱག་དགོས།
ཁ་པར་ལ་ཟྭ་རྒྱག་པའི་གོམས་གཤིས་དེས་རང་ཉིད་ཀྱི་ཡིག་ཆ་དང་གཞི་གྲངས་གལ་ཆེན་ཁག་སྲུང་སྐྱོབ་བྱེད་པར་རོགས་འདེགས་བྱེད་ཐུབ། ཁ་པར་ལ་ཟྭ་མི་རྒྱག་པ་ནི། རང་ཉིད་སྒེར་གྱི་ཡིག་ཆ་དང་། ཆེས་གསང་བའི་ཡིག་ཆ་སོགས་རྒྱུས་མེད་ཀྱི་མི་ལ་ཡོངས་ཁྱབ་ཀྱི་ཐོག་ནས་ལྟ་ཆོག་པའི་ཆོག་མཆན་སྤྲད་པ་དང་གཅིག་མཚུངས་ཡིན།
ཡིག་ཟམ་གཙོས་དྲ་ཐོག་གི་ཐོ་མཛོད་ཁག་གི་རྒྱུན་སྤྱོད་མིང་དང་གསང་གྲངས་ཁོ་ནས་ཁྱེད་ཀྱི་ཐོ་མཛོད་སྲུང་སྐྱོབ་བྱེད་མི་ཐུབ། དེ་བས་སྐྱེས་དངོས་ཁྱད་རྟགས་དང་། ཐེངས་གཅིག་སྤྱོད་ཆོག་པའི་གསང་གྲངས་བརྒྱུད་ནས་ར་སྤྲོད་བྱེད་པའི་ལམ་ཁ་སོགས་ནུས་ཡོད་བཟོས་ཏེ། རང་ཉིད་ཀྱི་ཐོ་མཛོད་ཀྱི་བདེ་འཇགས་གོང་མཐོར་གཏོང་དགོས།
དྲ་ལམ་དུ་གནས་ཚུལ་སྤེལ་དུས་བསམ་ཞིབ་ནན་མོ་བྱེད་དགོས།
དྲ་སྟེང་དུ་རང་ཉིད་དང་མི་གཞན་གྱི་སྐོར་ལ་གནས་ཚུལ་ཞིག་མ་སྤེལ་པའི་སྔོན་དུ་བསམ་བློ་ཞིབ་མོ་གཏོང་དགོས། གནས་ཚུལ་དེ་མི་སུ་དག་གིས་མཐོང་ངེས་པ་དང་། དེར་སྐབས་བབ་དང་འབྱུང་འགྱུར་གྱི་དུས་སུ་མི་ཚོས་མཐོང་ཚུལ་ག་འདྲ་ཡོང་ངེས་མིན་སོགས་ཀྱི་ཐད་ལ་བསམ་བློ་གཏོང་དགོས། དྲ་སྟེང་དུ་གནས་ཚུལ་ཞིག་སྤེལ་ཚར་བའི་རྗེས་སུ། རྟ་ཤོར་ན་འཛིན་ཐབས་ཡོད། ཚིག་ཤོར་ན་འཛིན་ཐབས་མེད་ཅེས་གསུངས་པ་བཞིན། ཁྱེད་ཀྱིས་གནས་ཚུལ་དེ་ཕྱིར་འཐེན་བྱེད་མི་ནུས། ཁྱེད་ཀྱིས་གནས་ཚུལ་ཞིག་(པར་དང་མཆན་སོགས་)ནག་གསུབ་བཏང་རུང་། དེ་ད་དུང་དྲ་ལམ་དུ་ལྷག་ངེས་ལ། མི་གཞན་ཞིག་གི་རྩིས་འཕྲུལ་གྱི་ནང་དུ་ཉར་ཚགས་བྱས་ཚར་ཡོད་སྲིད།
རང་ཉིད་སྒེར་གྱི་གནས་ཚུལ་ཁག་སྲུང་སྐྱོབ་བྱེད་དགོས།
དྲ་རྒྱ་ནི་ཆ་འཕྲིན་གྱི་མཛོད་ཆེན་པོ་ཞིག་ཡིན་རུང་། དྲ་སྟེང་གི་འཇབ་རྒོལ་པ་དང་། གསང་མྱུལ་བ། བསླུ་བྲིད་གཏོང་མཁན། མི་ངན་བཅས་ཀྱིས་ག་དུས་ཡིན་ཡང་ཁྱེད་རང་སྒེར་གྱི་གནས་ཚུལ་དང་གཞི་གྲངས་ཁག་རྐུ་འཁྱེར་བྱེད་པར་འབད་རྩོལ་བྱེད་ཀྱི་ཡོད་སྟབས། དངུལ་སྒོར་ནང་བཞིན་རིན་ཐང་ཡོད་པའི་སོ་སོའི་དྲ་ལམ་གྱི་ཚོང་ཟོག་ཉོ་ཚོང་གི་ལོ་རྒྱུས་དང་། སྡོད་གནས་ཀྱི་ཆ་འཕྲིན་སོགས་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་མིན་ཤེས་རྟོགས་ཐུབ་པ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། དྲ་ཚིགས་དང་བཀོལ་ཆས་གང་དག་ལ་ཁྱེད་རང་སྒེར་གྱི་གནས་ཚུལ་དེ་དག་རག་གི་ཡོད་མེད་དང་། དྲ་ཚིགས་དང་བཀོལ་ཆས་གང་དག་གིས་གཞི་གྲངས་དེ་དག་བསྡུ་རུབ་བྱེད་ཀྱི་ཡོད་མེད་སོགས་ཀྱི་སྐོར་ལ་ཡིད་གཟབ་དང་དོ་སྣང་བྱེད་དགོས།
