དེ་ཡང་དྲ་ལམ་གྱི་བསམ་ཚུལ་བསྡུ་ལེན་ག་གེ་མོ་ཞིག་གི་ཁྲོད་ནས་ཤེས་རྟོགས་བྱུང་བ་ལྟར་ན། མི་མང་པོ་ཞིག་གིས་རང་ཉིད་ཀྱི་གསང་ཚིག་གང་རུང་ཞིག སོ་སོའི་ནང་མི་དང་། གྲོགས་པོ། མཛའ་གྲོགས་བཅས་དང་མཉམ་སྤྱོད་བྱས་ཏེ་དྲ་ལམ་གྱི་ཞབས་ཞུ་ཁག་ཅིག་མཉམ་དུ་ལོངས་སྤྱོད་བྱེད་ཀྱི་ཡོད་པ་ཁས་ལེན་བྱས་ཡོད། དེ་དག་གི་ཁྲོད་ཀྱི་མི་ཕལ་ཆེ་བས་གསང་ཚིག་རྩ་བ་ནས་བརྗེ་གི་མེད་པས། ཁོང་ཚོར་དྲ་ཐོག་གི་འཇབ་རྒོལ་ཕོག་སྲིད་ཀྱི་ཡོད།
མི་ཁག་ཅིག་གིས་དྲ་ལམ་དུ་རིན་པ་སྤྲད་ནས་ཉོ་དགོས་པའི་ཞབས་ཞུ་གང་རུང་ཞིག་ལོངས་སྤྱོད་བྱེད་པར། ཚང་མས་ཞབས་ཞུ་དེ་མཉམ་རུབ་ཀྱི་ཐོག་ནས་ཉོས་རྗེས། དེའི་གསང་ཚིག་མཉམ་སྤྱོད་བྱས་ཏེ། བཀོལ་སྤྱོད་བྱས་ན། ཞབས་ཞུ་གང་རེའི་རིན་པ་མི་དེ་ཚོར་བགོས་ན། མི་རེ་རེས་རིན་པ་ཉུང་ཉུང་རེ་མ་གཏོགས་སྤྲོད་མི་དགོས་པས། འཛད་སྤྱོད་པ་ཚོའི་འགྲོ་གྲོན་ཆུང་དུ་གཏོང་ཐབས་ཤིག་ཆགས་ཡོད། འོན་ཀྱང་། ཁོང་ཚོ་མང་ཆེ་བས་གསང་ཚིག་མཉམ་སྤྱོད་དང་འབྲེལ་བའི་དྲ་ལམ་གྱི་ཉེན་ཁའི་སྐོར་ལ་དེ་ཙམ་བསམ་བློ་གཏོང་གི་མེད། སྣང་མེད་ཀྱི་བྱ་སྤྱོད་དེ་ལ་བརྟེན་ནས་ཁོང་ཚོར་དྲ་ཐོག་གི་འཇབ་རྒོལ་གྱི་གནོད་འཚེ་ཕོག་གི་ཡོད།
དྲ་ཐོག་ཏུ་རང་ཉིད་ཀྱི་གསང་ཚིག་བརྟན་པོ་ཉར་ཐབས།
དྲ་ཐོག་གི་ནག་ཉེས་དང་། ཟོག་བརྫུས། ངོ་བོ་རྐུ་འཁྱེར་ལ་སོགས་པ་སྔོན་འགོག་བྱེད་ཐབས་ཀྱི་ལམ་ཁ་མང་པོ་ཡོད། འོན་ཀྱང་། སོ་སོའི་ནང་མི་མ་ཡིན་པའི་མི་གཞན་པར་སོ་སོའི་གསང་ཚིག་སྤྲད་པ་ཡིན་ན། དེས་ཁྱེད་རང་ཉེན་ཁའི་གནས་སུ་བསྐྱལ་ངེས་པས། རང་ཉིད་སྲུང་སྐྱོབ་བྱེད་པར་གཤམ་གྱི་ལམ་སྟོན་འདི་དག་བརྩི་སྲུང་བྱེད་ཐུབ་ན་ལེགས།
སྐད་འཕྲིན་དང་། མགྱོགས་འཕྲིན་ལྟ་བུའི་སྤྱི་ཚོགས་འབྲེལ་མཐུད་དྲ་བ་ཁག་གི་སྟེང་དུ། མི་གཞན་པར་རང་ཉིད་ཀྱི་གསང་ཚིག་བརྒྱུད་གཏོང་མ་བྱེད། མི་གཞན་གྱིས་དྲ་བའི་ལམ་ཁ་ནས་ཁྱེད་ཀྱི་གསང་ཚིག་རྐུ་འཁྱེར་བྱེད་ཐུབ་ལ། གསང་ཚིག་དེ་རག་ན། ཁྱེད་ཀྱི་མིང་ཐོག་ནས་དྲ་ཐོག་གི་བདེ་འཇགས་ཀྱི་དྲི་བ་ཁག་ལ་ལེན་འདེབས་བྱེད་ཐུབ།
རིམ་པ་གཉིས་ཀྱི་ར་སྤྲོད་ཀྱི་གདམ་ག་ཡོད་ཚེ། དེ་ངེས་པར་དུ་བཀོལ་སྤྱོད་བྱེད་དགོས། ཡིག་ཟམ་གང་རུང་དུ་རང་ཉིད་ཀྱི་གསང་ཚིག་གཏགས་སྐབས། བདེ་འཇགས་ཀྱི་རིམ་པ་གཉིས་པའི་ར་སྤྲོད་ཀྱི་ཆེད་དུ། ཁ་པར་གྱི་སྟེང་དུ་གསང་ཚིག་ཅིག་གཏོང་གི་ཡོད་ལ། གསང་ཚིག་དེ་ཡང་བསྐྱར་རང་ཉིད་ཀྱི་ཐོ་ཁོངས་སུ་གཏགས་ཚེ། ད་གཟོད་རང་ཉིད་ཀྱི་ཡིག་ཟམ་ནང་དུ་འཛུལ་ཐུབ་ཀྱི་ཡོད་པ་ལྟ་བུའོ།)
གསང་ཚིག་བཟོ་སྐབས། སྤྱང་གྲུང་དོད་པོ་བྱེད་དགོས། དེའི་དོན་ནི། གསང་ཚིག་དེ་རང་གིས་དྲན་སླ་བ་ཞིག་ཡིན་པ་དང་། གཞན་གྱིས་ཚོད་དཔག་བྱེད་མི་ཐུབ་པ་ཞིག་བཟོ་དགོས།
གལ་ཏེ། རང་ཉིད་ཀྱི་གསང་ཚིག་མི་གཞན་པས་བརྐུས་ཡོད་པའི་དོགས་པ་ཡོད་ཚེ། དེ་མ་ཐག་གསང་ཚིག་བརྗེ་དགོས།