ཁྱེད་རང་འཇབ་རྒོལ་པའི་དམིགས་འབེན་ཡིན། 


སྤྱི་བཤད།

 འཕྲུལ་རིག་བདེ་འཇགས་ཀྱི་འདུ་ཤེས་གླེང་བའི་སྐབས་སུ། ག་དུས་ཡིན་ཡང་ཁྱེད་རང་འཇབ་རྒོལ་པའི་དམིགས་འབེན་ཆགས་ཀྱི་ཡོད་པའི་འདུ་ཤེས་བསྐྲུན་དགོས་ཀྱི་ཡོད། དུས་རྒྱུན་མི་མང་པོ་ཞིག་ལ་ནོར་འཁྲུལ་གྱི་འདུ་ཤེས་འཛིན་སྟངས་ཤིག་ཡོད་པ་ནི། སོ་སོ་རང་ཉིད་ཀྱི་གནས་ཚུལ་དང་རྩིས་འཕྲུལ་སོགས་ལ་ཆེ་མཐོང་དང་རིན་ཐང་མི་སྤྲོད་པར། དེའི་ནང་དུ་རྩ་ཆེའི་གནས་ཚུལ་གང་ཡང་མེད་པར་ངོས་འཛིན་བྱེད་པ་དེ་རེད་ལ། དེའི་རྐྱེན་གྱིས། མི་སྒེར་རང་ཉིད་འཇབ་རྒོལ་པའི་དམིགས་འབེན་ཆགས་ངེས་པའི་ཡིད་ཆེས་དང་བསམ་བློའི་གྲ་སྒྲིག་གང་ཡང་མེད། 

ཅིའི་ཕྱིར་ཁྱེད་རང་འཇབ་རྒོལ་པའི་དམིགས་འབེན་ཆགས་ཀྱི་ཡོད། 

དེང་སང་དྲ་སྟེང་དུ་འཇབ་རྒོལ་པའམ་དྲ་ཇག་རིགས་མི་འདྲ་བ་སྣ་ཚོགས་ཡོད་ལ། ཁོང་ཚོའི་དམིགས་ཡུལ་ཡང་མི་འདྲ། དེ་ན། ཁོང་ཚོས་ཁྱེད་ལ་འཇབ་རྒོལ་བྱེད་དོན་གང་ཡིན་ཞེ་ན། ཁྱེད་ལ་འཇབ་རྒོལ་བྱས་ཚེ། ཁོང་ཚོའི་དམིགས་ཡུལ་འགྲུབ་པར་རོགས་པ་བྱེད་ཐུབ་ཀྱི་ཡོད།གཤམ་ལ་ཆེས་རྒྱུན་ལྡན་གྱི་དྲ་ཐོག་གི་འཇབ་རྒོལ་པ་རིགས་མི་འདྲ་བ་གཉིས་ཀྱི་དཔེ་མཚོན་དང་། ཁོང་ཚོས་ཁྱེད་རང་དམིགས་འབེན་དུ་གཟུང་ངེས་པའི་རྒྱུ་མཚན་བཀོད་ཡོད། 

དྲ་ཐོག་གི་ཉེས་ཅན་པ། 

དྲ་ཐོག་གི་ཉེས་ཅན་པ་ཚོའི་དམིགས་ཡུལ་གཙོ་བོ་ནི་དྲ་ཐོག་ནས་མི་ལ་མགོ་སྐོར་བཏང་སྟེ་དངུལ་སྒོར་གང་མང་གི་ཁེ་སྤོགས་བཟོ་རྒྱུ་དེ་ཡིན། ཁོང་ཚོས་མཛུབ་གནོན་ཐེངས་གཅིག་གི་འཇབ་རྒོལ་གྱི་ལམ་ཁ་བརྒྱུད་དེ་འཛམ་གླིང་ནང་གི་མི་སུ་ཡིན་རུང་འཇབ་རྒོལ་བྱེད་སྲིད།ཁོང་ཚོར་ཁྱེད་རང་བརྒྱུད་དེ་དངུལ་སྒོར་གྱི་ཁེ་སྤོགས་བཟོ་བའི་ལམ་ཁ་སྣ་མང་ཡོད། དཔེར་ན། ཁྱེད་ཀྱི་རྒན་གསོའི་དངུལ་བྱང་དང་།དངུལ་ཁང་གི་དངུལ་བྱང་ནང་གི་སྒོར་མོ་བརྐུ་སྲིད་ལ། ཁྱེད་ཀྱིས་མིང་ཐོག་ནས་དངུལ་བྱང་བཟོས་ཏེ། དངུལ་བྱང་དེའི་ཐོག་ནས་ཅ་ལག་ཉོས་པའི་རྩིས་ཐོོ་ཁྱེད་ལ་གཏོང་སྲིད། དེ་བཞིན་ཁྱེད་ཀྱི་རྩིས་འཕྲུལ་བེད་སྤྱད་པའི་ཐོག་ནས་མི་གཞན་ལ་འཇབ་རྒོལ་རྩོམ་སྲིད་ལ། ཁྱེད་ཀྱི་སྤྱི་ཚོགས་འབྲེལ་མཐུད་དྲ་བའི(སྐད་འཕྲིན།མགྱོགས་འཕྲིན།པོད་ཕྲན།ངོ་དེབ་སོགས)ཐོ་ཁོངས་སུའང་འཛུལ་ངེས། མི་ངན་པས་ཁྱེད་ཀྱི་མིང་ཐོག་ནས་དངུལ་གྱི་ཁེ་སྤོགས་བཟོ་བའི་ལམ་ཁ་ཁག་མར་བགྲངས་ན་རྫོགས་མཐའ་མེད། ཉིན་མ་རེ་རེར་དེའི་འདྲ་བའི་མི་ངན་སྟོང་ཕྲག་མང་པོ་ཞོགས་པ་སྔ་པོ་ནས་ཡར་ལངས་ཏེ་འཛམ་གླིང་ནང་གི་མི་གང་མང་ལ་འཇབ་རྒོལ་བྱེད་རྒྱུའི་དམིགས་ཡུལ་བཅངས་ཏེ་གྲ་སྒྲིག་ཨང་གསར་བྱས་ནས་བསྡད་ཡོད་པས། ཁྱེད་རང་ཡང་དྲ་ཐོག་གི་ཉེས་ཅན་པ་ཚོས་དམིགས་འབེན་དུ་གཟུང་ཡུལ་གྱི་མིའི་ཁོངས་སུ་ཚུད་ཡོད་དོ།།

དམིགས་གཏད་ཅན་གྱི་འཇབ་རྒོལ་པ། 

དམིགས་གཏད་ཅན་གྱི་འཇབ་རྒོལ་པ་ནི་ཚད་མཐོའི་སྦྱོང་བརྡར་ཐོབ་པའི་དྲ་ཐོག་གི་འཇབ་རྒོལ་པའི་རིགས་ཤིག་ཡིན་ལ། ཁོང་ཚོ་ཕལ་ཆེ་བས་གཞུང་འབྲེལ་གྱི་སྒྲིག་འཛུགས་དང་། ཚོགས་པ་ཆེ་ཁག་དང་མཉམ་དུ་ལས་ཀ་བྱེད་ཀྱི་ཡོད། ཁོང་ཚོས་ཁྱེད་ཀྱིས་བྱེད་བཞིན་པའི་ལས་ཀར་དམིགས་ཁ་གཏོད་ཀྱི་ཡོད། ཁྱེད་ཀྱིས་སོ་སོའི་ལས་ཀ་ཡིས་མི་གཞན་གྱི་དོ་སྣང་འདྲེན་ཐུབ་ཀྱིི་མ་རེད་དྲན་གྱི་ཡོད་སྲིད། འོན་ཀྱང་། དོན་དངོས་ནི་ཁྱེད་ཀྱི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་ཡིན། 

ཁྱེད་ཀྱི་ལས་ཀ་དང་འབྲེལ་བའི་གནས་ཚུལ་དང་ཆ་འཕྲིན་ཁག་སྲིད་གཞུང་དང་ཚོང་ལས་སྡེ་ཁག་གཞན་པར་རིན་ཐང་ཆེན་པོ་ཆགས་ཀྱི་ཡོད། 

དམིགས་གཏད་ཅན་གྱི་འཇབ་རྒོལ་པས་ཁྱེད་ཀྱི་ལས་ཀ་དམིགས་འབེན་ཏུ་བཟུང་བའི་རྒྱུ་མཚན་ནི་ཐད་ཀར་ཁྱེད་ལ་འཇབ་རྒོལ་བྱ་རྒྱུ་དེ་མིན་སྲིད་ཀྱང་། ཁྱེད་རང་བེད་སྤྱད་དེ་ཁྱེད་ཀྱི་ལས་གྲོགས་དང་ལས་ཁུངས་ཀྱི་མ་ལག་ལ་འཇབ་རྒོལ་བྱེད་རྒྱུའི་ཆེད་དུ་ཡིན་ངེས།

དམིགས་གཏད་ཅན་གྱི་འཇབ་རྒོལ་པ་ཚོས་ཁྱེད་རང་དམིགས་འབེན་དུ་བཟུང་བའི་རྒྱུ་མཚན་ནི། ཁྱེད་རང་གིས་ལས་ཀ་བྱེད་སའི་བཟོ་ལས་ཁང་གཞན་པ་ཁག་ལ་འཇབ་རྒོལ་བྱེད་རྒྱུའི་ཆེད་དུའང་ཡིན་ངེས།

ང་ལ་ནད་འབུ་འགོག་བྱེད་ཀྱི་མཉེན་ཆས་ཡོད་པས། ང་བདེ་འཇགས་ཡིན། 

མི་མང་པོ་ཞིག་གིས་རང་ཉིད་ཀྱི་རྩིས་འཕྲུལ་གྱི་ནང་དུ་ནད་འབུ་འགོག་བྱེད་ཀྱི་མཉེན་ཆས་ཤིག་ནང་འཇུག་བྱས་རྗེས། འདོད་བློ་ཚིམས་ནས་བསྡད་ཡོད་ལ། རང་ཉིད་བདེ་འཇགས་ཡིན་སྙམ་གྱི་ཡོད། འོན་ཀྱང་། ཁྱེད་ཀྱི་བསམ་ཕྱོགས་དང་དངོས་ཡོད་གནས་ཚུལ་གཉིས་འགལ་བ་ལྟག་སྤྲོད་ཡིན། དཔེར་ན། དྲ་ཐོག་གི་འཇབ་རྒོལ་པས་ནད་འབུ་འགོག་བྱེད་ཀྱི་མཉེན་ཆས་ཀྱིས་ངོས་འཛིན་བྱེད་མི་ཐུབ་པའི་མཉེན་འབུ་དེ་འདྲ་བསྐྲུན་ཐུབ་ཀྱི་ཡོད། མཉེན་འབུ་དེ་འདྲས་ནད་འགོག་གི་མ་ལག་ལ་གཡོལ་བའི་ཐོག་ནས་ཁྱེད་ཀྱི་ཐོག་ཏུ་ཉྭ་འཛིན་གྱི་འཇབ་རྒོལ་རྩོམ་ངེས་ལ། ཁྱེད་ཀྱི་ཁ་པར་གྱི་སྟེང་དུ་ཁ་པར་གཏོང་བ་དང་། ཁྱེད་ལ་མགོ་སྐོར་བཏང་སྟེ་ཁྱེད་ཀྱི་དངུལ་བྱང་གི་ནང་ནས་དངུལ་བརྐུ་སྲིད། ཚན་རིག་ལག་རྩལ་གྱིས་ཁྱེད་ལ་ཚད་ངེས་ཅན་གྱི་སྲུང་སྐྱོབ་བྱེད་ངེས་ཀྱང་། རང་ཉིད་ནི་སོ་སོ་སྲུང་སྐྱོབ་བྱེད་མཁན་དང་སོ་སོའི་བདེ་འཇགས་འགན་ལེན་བྱེད་མཁན་གཙོ་བོ་དེ་ཡིན།

གཞི་རྩའི་བདེ་འཇགས་ཀྱི་ལག་ལེན་ཁག་ཧ་གོ་ན། དྲ་ལམ་ནས་གྱོང་གུན་ཚབས་ཆེན་མ་ཕོག་པ་བྱེད་ཐུབ། ཁྱེད་ལ་ཁ་པར་དང་། ཡང་ན།ཡིག་ཟམ་གྱི་ནང་དུ་ཛ་དྲག་གི་བརྡ་ལན་རིགས་འབྱོར་བའི་སྐབས་སུ། དེ་ལ་དོགས་པ་ཟ་དགོས། གང་ཡིན་ཞེ་ན། དེ་ནི་འཇབ་རྒོལ་གྱི་བྱེད་ལས་ཤིག་ཡིན་སྲིད། ཁྱེད་ཀྱི་ཁ་པར་དང་རྩིས་འཕྲུལ་ཁག་བརྟན་པོར་ཉར་དགོས་ཚེ། ག་དུས་ཡིན་ཡང་། མ་ལག་དང་མཉེན་ཆས་ཐོན་གསར་བའི་ཐོག་ཏུ་བསྒྱུར་རྒྱུ་བརྗེད་མི་ཉན།

མཐའ་མར། དྲ་ཐོག་གི་རང་རང་གི་ཐོ་ཁོངས་ཁག་གི་གསང་ཚིག་བརྟན་པོ་དང་གཞན་གྱིས་ཚོད་དཔག་བྱེད་དཀའ་བ་ཡིན་པ་གང་ཞིག་ལ། སོ་སོ་རང་ཉིད་ཀྱིས་དྲན་སླ་བ་ཞིག་བཟོ་དགོས། འཕྲུལ་རིག་བདེ་འཇགས་ཀྱི་གོ་རྟོགས་མཐོ་རུ་གཏོང་རྒྱུ་ནི་དྲ་ཐོག་གི་ཉེན་ཁ་འགོག་སྲུང་བྱེད་པའི་གོ་མཚོན་ཡག་ཤོས་དེ་ཡིན། 

Leave a Reply

Your email address will not be published. Required fields are marked *