འདས་པའི་ལོ་ཁ་ཤས་ཀྱི་རིང་དུ། བདག་གིས་བོད་ཁུལ་གྱི་འཕྲུལ་རིག་གི་འཕེལ་རྒྱས་སྐོར་ལ་དོ་སྣང་བྱས་པ་ཡིན་ལ། གོ་རིམ་དེའི་ཁྲོད་དུ། བོད་པ་ཕལ་ཆེ་བས་ཀུ་ཤུ་ཁ་པར་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་། འདས་པའི་དུས་སུ། བོད་པ་ཚོས་ཀུ་ཤུ་ཁ་པར་ཉོ་དགོས་པའི་རྒྱུ་མཚན་ནི། ཁ་པར་གཞན་དག་གི་ནང་དུ་སྔོན་ཚུད་ནས་བོད་ཡིག་མེད་སྟབས་སྤྱོད་བདེ་པོ་མེད། ཡིན་ནའང་། དེང་གི་དུས་སུ། ཀུ་ཤུ་དང་ཨན་ཌོ་ཁ་པར་གཉིས་ཀའི་ནང་དུ་བོད་ཡིག་གི་ཡིག་གཟུགས་ཡོད་པས། ཚོང་རྟགས་གཅིག་པུར་བལྟས་ཏེ་ཀུ་ཤུ་ཁ་པར་ཉོ་བའི་དུས་སྐབས་དེ་རྫོགས་ཚར་ཡོད།
གཤམ་དུ་ཀུ་ཤུ་ཁ་པར་གྱི་ཚབ་ཏུ་ཨན་ཌོ་ཁ་པར་ཉོས་ན་བཟང་བའི་རྒྱུ་མཚན་ལྔ་བགྲངས་ཡོད།
ཀུ་ཤུ་ཁ་པར་སྤྱོད་མཁན་གྱི་གཞི་གྲངས་ཁག་ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནང་དུ་ཉར་ཚགས་བྱེད་དུ་བཅུག་ཡོད།
ཀུ་ཤུ་བཟོ་ཚོང་ཁང་ལ། སྲིད་གཞུང་གིས་དོ་དམ་འོག་ཡོད་པའི་རྒྱ་ནང་གི་བཟོ་ལས་ཁང་ཞིག་གིས་སྟངས་འཛིན་བྱེད་ཀྱིན་པའི་གཞི་གྲངས་ལྟེ་གནས་ཤིག་ཀོས་ཀྲུག་ཞིང་ཆེན་ནང་དུ་ཡོད་ལ། གཞི་གྲངས་ལྟེ་གནས་གཞན་དེ་ནང་སོག་ཏུ་ཡོད།
ཉེ་ལམ་རྒྱ་ནང་གི་ཀུ་ཤུ་འཛད་སྤྱོད་པས་སྤྲིན་སྟེང་ཀོས་ཀྲུག་(云上贵州,全称云上贵州大数据产业发展有限公司)ཟེར་བའི་ཀུ་ཤུའི་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་གྱི་བཟོ་ལས་ཁང་དེའི་སྤྲིན་མཛོད་ཀྱི་ཞབས་ཞུ་ངོས་ལེན་བྱེད་དགོས་པའི་ཆ་རྐྱེན་ཞིག་ཀུ་ཤུ་བཟོ་ཚོང་ཁང་གིས་གསར་དུ་བསྐྲུན་ཡོད། ཀུ་ཤུ་བཟོ་ཚོང་ཁང་གིས་འགྱུར་བ་དེ་གཏོང་དགོས་པའི་དམིགས་ཡུལ་ནི། སྤྲིན་མཛོད་ཀྱི་ཞབས་ཞུ་ཡར་རྒྱས་གཏོང་རྒྱུ་དང་། སྲིད་གཞུང་གི་ལྟ་སྐུལ་དོ་དམ་ལ་བརྩི་སྲུང་བྱེད་རྒྱུའི་ཆེད་དུ་ཡིན་ཅེས་བརྗོད་ཡོད།
སྤྲིན་མཛོད་ཀྱི་ཆ་རྐྱེན་དེའི་ནང་དུ། རྒྱ་ནང་གི་ཀུ་ཤུ་འཛད་སྤྱོད་པ་ཚོའི་གཞི་གྲངས་ཆ་ཚང་ཀུ་ཤུ་བཟོ་ཚོང་ཁང་དང་རྒྱ་ནང་གི་སྤྲིན་སྟེང་ཀོས་ཀྲུག་བཟོ་ལས་ཁང་གཉིས་ཀའི་ལག་པར་ཡོད་པ་མ་ཟད། གཞི་གྲངས་དེ་དག་ཁྲིམས་ཐོག་གི་གཏན་འབེབས་གཞིར་བཟུང་སྟེ་ཕན་ཚུན་བར་བརྒྱུད་གཏོང་དང་མཉམ་སྤྱོད་བྱེད་ཆོག་པའི་དོན་ཚན་གསར་པ་ཞིག་བཅུག་ཡོད། ཀུ་ཤུ་བཟོ་ཚོང་ཁང་གིས་སྲིད་གཞུང་ལ་གཞི་གྲངས་ལྟེ་གནས་སྟངས་འཛིན་བྱེད་ཆོག་པའི་དབང་ཆ་སྤྲད་པ་ལ་བརྟེན་ནས། སྲིད་གཞུང་གི་ལས་བྱེད་པས། ཀུ་ཤུ་བཟོ་ཚོང་ཁང་གི་གཞི་གྲངས་ཀྱི་ལྟེ་གནས་ཀྱི་རྩིས་འཕྲུལ་ཁག་དོ་དམ་བྱེད་ཆོག་གི་ཡོད།
སྤྱིར་ཀུ་ཤུ་བཟོ་ཚོང་ཁང་གིས་ཉར་ཚགས་བྱས་པའི་རྒྱ་ནང་གི་ཀུ་ཤུ་འཛད་སྤྱོད་པ་ཚོའི་གཞི་གྲངས་ཁག་གསང་སྡོམ་བྱས་ཡོད་ཀྱང་། གསང་གྲོལ་གྱི་ལྡེ་མིག་ཁག་ཀྱང་གཞི་གྲངས་ལྟེ་གནས་དེ་རང་དུ་ཉར་ཚགས་བྱེད་ཀྱི་ཡོད་སྟབས། འཛམ་གླིང་གི་རྒྱལ་ཁབ་གཞན་ཁག་ནང་གི་ཚད་མཐོ་བའི་ཀུ་ཤུའི་བདེ་འཇགས་ཀྱི་ལག་ལེན་དང་མི་འདྲ་བར། རྒྱ་ནང་གི་གཞུང་གི་ལས་བྱེད་ཚོར་འཛད་སྤྱོད་པའི་གཞི་གྲངས་ཆ་ཚང་ལས་སླ་པོའི་ཐོག་ནས་རག་ཐུབ་ཀྱི་ཡོད།
བདེ་འཇགས་ཆེད་མཁས་པ་དང་། ཀུ་ཤུ་བཟོ་ཚོང་ཁང་གི་བཟོ་བཀོད་པ་ཚོས་བརྗོད་ན། སྲིད་གཞུང་གིས་ཀུ་ཤུ་བཟོ་ཚོང་ཁང་གི་གཞི་གྲངས་ལྟེ་གནས་ལ་སྟངས་འཛིན་བྱས་ཡོད་པ་དེས། ཀུ་ཤུ་འཛད་སྤྱོད་པ་ཚོའི་ཁ་པར་ནང་གི་པར་དང་། ཡིག་ཆ། འབྲེལ་མི། ཡིག་ཟམ། དེ་བཞིན་འཛད་སྤྱོད་པའི་སྡོད་གནས་སོགས་སྲིད་གཞུང་ལ་རག་ཐུབ་ཀྱི་ཡོད་ཟེར།
ཀུ་ཤུ་བཟོ་ཚོང་ཁང་ལ་ཆ་མཚོན་ན། འདས་པའི་དུས་སུ་མི་སྒེར་གྱི་གཞི་གྲངས་སྲུང་སྐྱོབ་བྱས་པ་ལ་བརྟེན་ནས་ཧ་ཅང་སྐད་གྲགས་ཆེན་པོ་ཆགས་ཡོད། འོན་ཀྱང་། ཉེ་བའི་དུས་སུ། ཚོང་གི་ཁེ་ཕན་གཅིག་པུར་མགོ་འཁོར་ཏེ་འཛད་སྤྱོད་པའི་ཁེ་ཕན་རྡོག་བརྫིས་གཏོང་འགོ་བཙུགས་ཡོད།
ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནང་གི་ཀུ་ཤུའི་བིམ་མཛོད་ཀྱི་ནང་དུ་བཀོལ་ཆས་བཀག་སྡོམ།
དུས་རྒྱུན་ཀུ་ཤུ་བཟོ་ཚོང་ཁང་གི་མི་སྒེར་གྱི་རང་དབང་དང་གསང་རྒྱ་སྲུང་སྐྱོབ་བྱེད་རྒྱུ་ཁས་ལེན་བྱེད་ཀྱི་ཡོད་རུང་། ཚོང་གི་ཁེ་ཕན་ལ་ཐུག་དུས། བཀོལ་ཆས་མང་པོ་བཀག་སྡོམ་བྱས་ཏེ། མི་སྒེར་གྱི་རང་དབང་དང་གསང་རྒྱ་ལ་དོ་ཕོག་བཟོས་ཡོད། ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནང་གི་ཀུ་ཤུའི་བིམ་མཛོད་ཀྱི་ཁོངས་ནས་སྲིད་གཞུང་གི་དགའ་མོས་མི་བྱེད་པའི་བཀོལ་ཆས་རིགས་བཀག་སྡོམ་བྱེད་ཀྱི་ཡོད། དཔེར་ན། མི་སྒེར་གྱི་གསང་རྒྱ་སྲུང་སྐྱོབ་བྱེད་ཐུབ་པའི་རྟོག་བཟོས་མི་སྒེར་དྲ་བའི་(VPN)བཀོལ་ཆས་རིགས་གཏན་འགོག་བྱས་ཡོད།
སྲིད་གཞུང་གིས་རེ་སྐུལ་ཞུས་ཚེ། ཀུ་ཤུ་བཟོ་ཚོང་ཁང་གིས་མི་སྒེར་གྱི་གཞི་གྲངས་ཁག་ཡར་རྩིས་སྤྲོད་བྱེད་ཀྱི་ཡོད།
ཀྲུང་གོའི་དྲ་རྒྱའི་བདེ་འཇགས་ཀྱི་བཅའ་ཁྲིམས་ལག་བསྟར་གནང་བའི་རྗེས་ཀྱི་ལོ་ངོ་གསུམ་གྱི་རིང་དུ། འཛད་སྤྱོད་པའི་གཞི་གྲངས་ཁག་སྲིད་གཞུང་ལ་རྩིས་སྤྲོད་གནང་བའི་གྱོད་དོན་ཁག་དགུ་བྱུང་ཡོད་ཅེས་ཀུ་ཤུ་བཟོ་ཚོང་ཁང་གིས་བརྗོད་ཡོད།

ཀུ་ཤུ་བཟོ་ཚོང་ཁང་གིས་མཉེན་ཆས་ཕབ་ལེན་གྱི་མཛོད་གཞན་པ་ངོས་ལེན་མི་བྱེད།
ཀུ་ཤུ་བཟོ་ཚོང་ཁང་གིས་ཀུ་ཤུ་བིམ་མཛོད་ཁོ་ན་ནས་མ་གཏོགས། ཨན་ཌོ་མ་ལག་ལྟར། མཉེན་ཆས་ཀྱི་མཛོད་སྣ་ཚོགས་ནས་མཉེན་ཆས་ཕབ་ལེན་བྱེད་དུ་མི་འཇུག གལ་ཏེ། མཉེན་ཆས་ཡོད་ཚད་རྒྱ་ནང་གི་ཀུ་ཤུའི་བིམ་མཛོད་ཀྱི་ནང་ནས་ཕབ་ལེན་བྱེད་ཐུབ་ཚེ།དམིགས་བསལ་གྱི་དཀའ་ངལ་གང་ཡང་མེད་ཀྱང་། ཀུ་ཤུ་བཟོ་ཚོང་ཁང་གིས་བཀོལ་ཆས་མང་པོ་ཞིག་དང་ཐོག་ནས་གཏན་འགོག་བྱས་པས། འཛད་སྤྱོད་པ་ཚོར་རང་ཉིད་ལ་དགོས་པའི་བཀོལ་ཆས་ཁག་རག་མ་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད། དེ་ལས་ལྡོག་སྟེ། ཨན་ཌོ་ཁ་པར་བཀོལ་སྤྱོད་བྱེད་མཁན་ཚོས། རང་ལ་དགོས་པའི་མཉེན་ཆས་ཡོད་དོ་ཅོག་མཉེན་ཆས་ཕབ་ལེན་གྱི་མཛོད་སྣ་ཚོགས་ནས་ཕབ་ལེན་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། APK རྣམ་པའི་ཐོག་ཡོད་པའི་བཀོལ་ཆས་ཁག་ཐད་ཀར་ཕབ་ལེན་བྱེད་ཐུབ་ཀྱི་ཡོད།
ཀུ་ཤུ་ཁ་པར་གྱི་རིན་གོང་མཐོ།
ཀུ་ཤུ་ཁ་པར་གྱི་རིན་གོང་མཐོ་རུང་། ཀུ་ཤུ་བཟོ་ཚོང་ཁང་གིས་མི་སྒེར་གྱི་གཞི་གྲངས་ཚད་མཐོ་བའི་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་བརྟེན།ཀུ་ཤུ་ཁ་པར་ཉོ་མཁན་དང་སྤྱོད་མཁན་གྱི་གྲངས་འབོར་མུ་མཐུད་ནས་ཉར་ཐུབ་ཡོད། འོན་ཀྱང་། ད་ཆ་བོད་ཁུལ་གྱི་ཀུ་ཤུ་འཛད་སྤྱོད་པ་ཚོའི་གཞི་གྲངས་ཀྱི་བདེ་འཇགས་དེ་འབྲེལ་མེད་ཆགས་ཡོད་པར་བརྟེན། ཀུ་ཤུ་ཁ་པར་གྱི་ཚབ་ཏུ། བདེ་འཇགས་ཀྱི་ཁྱད་ཆོས་མང་བའི་ཨན་ཌོ་ཁ་པར་ཉོས་ན་ལེགས། རྩ་བའི་ཆ་ནས། ཕྱི་རྒྱལ་གྱི་ཚོང་རྟགས་ཉོས་ན། བདེ་འཇགས་ཀྱི་ཐད་ནས་ཡག་པོ་ཡོད།
མཇུག་སྡོམ།
སྒོར་མོ་མང་པོ་ཞིག་ཀུ་ཤུ་ཁ་པར་དང་གསང་རྒྱ་མེད་པའི་ཀུ་ཤུ་བཟོ་ཚོང་ཁང་གི་ཞབས་ཞུ་ཁག་གི་ཐོག་ཏུ་འགྲོ་གྲོན་གཏོང་བ་ལས།ཨན་ཌོ་ཁ་པར་ཉོས་ན་མི་བཟང་ངམ། དེ་ལྟར་བྱས་ན། ཁྱེད་ཀྱི་བདེ་འཇགས་ཁག་ཐེག་བྱེད་ཐུབ་པའི་གདམ་ག་མང་པོ་འཐོབ་ཐུབ།
མདོར་བསྡུས་ནས་བཤད་ན། གལ་ཏེ། ཁྱེད་ལ་བདེ་འཇགས་དང་གསང་རྒྱ་དགོས་ན། ཀུ་ཤུ་ཁ་པར་གྱི་ཚབ་ཏུ་ཨན་ཌོ་ཁ་པར་ཉོ་ཐུབ་ན་ལེགས། གང་ཡིན་ཞེ་ན། ཀུ་ཤུ་བཟོ་ཁང་གིས་འཛམ་གླིང་གི་རྒྱལ་ཁབ་གཞན་པ་ཁག་ནང་དུ་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་བདེ་འཇགས་དང་གསང་རྒྱ་ཁག་རྒྱ་ནང་དུ་མཁོ་སྤྲོད་བྱེད་ཀྱི་མེད།