ན་ནིང་ནས་བཟུང་། སྲིད་གཞུང་གིས་འཕྲུལ་རིག་བཟོ་ཚོང་ཁང་ཁག་གི་ཐོག་ཏུ་དམ་བསྒྲགས་ཤུགས་ཆེ་རུ་གཏོང་འགོ་བཙུགས་ཡོད་ལ། དེའི་ཁོངས་སུ་རྒྱལ་ནང་གི་འཕྲུལ་རིག་བཟོ་ལས་ཁང་གྲགས་ཆེ་ཤོས་ཐིན་ཞུན་(腾讯)ཡང་ཚུད་ཡོད། དཔེར་ན། ཉེ་ལམ་རྒྱལ་ནང་གི་འཕྲུལ་རིག་བཟོ་ལས་ཁང་ཁག་གིས་བཟོས་པའི་བཀོལ་ཆས་སྣ་མང་ཞིག་གིས་འཛད་སྤྱོད་པའི་ཐོབ་ཐང་དང་ཁེ་ཕན་རྩིས་མེད་བཏང་བ་བརྗོད་དེ། སྲིད་གཞུང་གིས་བཀའ་རྒྱ་གསར་པ་ཞིག་བཏང་ཡོད། བཀའ་རྒྱ་དེ་ནི། འཕྲུལ་རིག་བཟོ་ཚོང་ཁང་ཁག་གིས་སོ་སོའི་བཀོལ་ཆས་(APP)གསར་པ་དང་། མ་ལག་གསར་སྣོན་ཁག་ཁྲོམ་རར་ཁྱབ་སྤེལ་མ་བྱས་པའི་སྔོན་དུ། དང་ཐོག་སྲིད་གཞུང་ལ་རྩིས་སྤྲོད་བྱས་ཏེ། ཞིབ་བཤེར་བྱེད་དུ་འཇུག་དགོས་ཀྱི་ཡོད་པ་དེ་རེད།
“ང་ཚོས་དུས་རྒྱུན་དུ་འཛད་སྤྱོད་པ་ཚོའི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་ཆེད་དུ། བཀོལ་ཆས་ཁག་ནང་གི་དེ་འབྲེལ་གྱི་ཁྱད་ཆོས་ཁག་ཡར་རྒྱས་གཏོང་བའི་ལས་དོན་གྱི་ཐོག་ཏུ་ཤུགས་སྣོན་རྒྱག་གི་ཡོད་ལ། དུས་མཚུངས་སུ། གཞུང་གི་འབྲེལ་ཡོད་ལྟ་སྐུལ་དོ་དམ་ཚན་པའི་ལམ་སྟོན་སྒྲིག་གཞི་ཁག་ཀྱང་བརྩི་སྲུང་བྱེད་ཀྱི་ཡོད་”ཅེས་ཐིན་ཞུན་བཟོ་ཚོང་ཁང་གིས་མགྲིན་ཚབ་པས་བརྗོད་ཡོད།
དེ་ཡང་གནས་ཚུལ་ཡོངས་ཁུངས་གཞན་ཞིག་གི་ནང་དུ་འཁོད་གསལ་ལྟར་ན། རྒྱལ་ཡོངས་བཟོ་ལས་དང་ཆ་འཕྲིན་ལག་རྩལ་ལྷན་ཁང་གིས་ཟླ་༡༡་པའི་ཚེས་༣༡་བར། ཁ་པར་བཀོལ་ཆས་དང་གསར་སྣོན་ཡོངས་རྫོགས་བཀོལ་ཆས་ཕབ་ལེན་གྱི་མཛོད་དུ་ཡར་འཇུག་མ་བྱས་པའི་སྔོན་དུ། དེ་དག་སྲིད་གཞུང་གིས་གཟའ་འཁོར་གཅིག་གི་རིང་ལ་བསྐྱར་ཞིབ་བྱེད་དགོས་ཀྱི་ཡོད་པའི་བཀའ་རྒྱ་བཏང་ཡོད།
ད་དུང་དེ་མ་ཟད། ཟླ་༡༡་པའི་ཚེས་༡་ཉིན། གཞུང་གི་འབྲེལ་ཡོད་ཚན་པས། ཐིན་ཞུན་བཟོ་ཚོང་ཁང་ཚུད་པའི་རྒྱ་ནང་གི་བཀོལ་ཆས་༣༨་ལྷག་གིས་མི་སྒེར་གྱི་གནས་ཚུལ་ཚད་ལས་བརྒལ་བ་བསྡུ་ལེན་བྱེད་ཀྱི་ཡོད་པའི་བྱ་སྤྱོད་དེ་བཅོས་སྒྱུར་བྱེད་དགོས་པའི་བཀའ་ཁྱབ་ཡང་བཏང་ཡོད།