འདས་པའི་ལོ་ངོ་ཁ་ཤས་ཀྱི་ནང་དུ་མི་ཚོས་ཁ་པར་ནང་གི་སོ་སྔོན་བེད་སྤྱད་དེ་ཡིག་ཆ་བརྒྱུད་གཏོང་བྱེད་ཀྱི་ཡོད། གལ་ཏེ། ང་ཚོའི་ཁ་པར་གྱི་ནང་དུ་སོ་སྔོན་གྱི་ཁྱད་ཆོས་དེ་མེད་ཚེ། ང་ཚོས་ཁ་པར་ནང་གླུ་གཞས་དང་སྒྲ་སོགས་ལ་ཉན་དུས། སུན་སྣང་སྟེར་བའི་དར་སྐུད་ཅན་གྱི་རྣ་ཉན་སྤྱོད་དགོས་་པ་ཆགས་ཀྱི་ཡོད་ལ། རྩིས་འཕྲུལ་དང་ཁ་པར་ཕན་ཚུན་ལ་སྦྲེལ་བྱེད་ཀྱི་ལམ་ཁ་སྟབས་བདེ་ཞིག་ཉུང་དུ་འགྲོ་གི་ཡོད་པ་མ་ཟད། སོ་སོའི་ཁ་པར་དང་རླངས་འཁོར་གཉིས་ཕན་ཚུན་ལ་སྦྲེལ་བ་ལའང་དཀའ་ངལ་འཕྲད་ངེས་ཡིན། དེར་བརྟེན། སོ་སྔོན་གྱི་ཁྱད་ཆོས་འདིས་ང་ཚོའི་ཉིན་རེའི་འཚོ་བ་ཧ་ཅང་སྟབས་བདེ་བཟོས་ཡོད་པ་སུས་ཀྱང་བསྙོན་དུ་མེད། འོན་ཀྱང་། དུས་མཚུངས་སུ། ཁྱད་ཆོས་འདིས་མི་སྒེར་གྱི་གསང་རྒྱ་དང་འབྲེལ་བའི་ཉེན་ཁའང་ཆེན་པོ་བསྐྲུན་གྱི་ཡོད།
དེ་ཡང་ཨ་རིའི་སན་སྒྲི་ཡ་གྷོ་གཙུག་ལག་སློབ་གྲྭ་ཆེན་མོའི་འཕྲུལ་རྩལ་ཆེད་མཁས་པ་དང་ཉམས་ཞིབ་པ་བདུན་གྱིས་འཛམ་གླིང་ནང་གི་ཁྱབ་ཆེ་བའི་ཁ་པར་དང་། རྩིས་འཕྲུལ། དེ་མིན་གྱི་གློག་ཆས་མང་པོ་ཞིག་གི་ནང་གི་སོ་སྔོན་གྱི་བྱེད་ལས་སྐོར་ལ་ཚོད་ལྟ་བྱེད་དུས། དངོས་ལུགས་ཀྱི་བརྡ་རྟགས་ཁྱད་ཆོས་བརྒྱུད་ནས་འཛད་སྤྱོད་པ་རྗེས་འདེད་གཏོང་ཐུབ་པ་བྱུང་ཡོད། འདིའི་དོན་ནི། སོ་སྔོན་ཡོད་པའི་ཡོ་ཆས་ཁག་གིས་ཐུན་མིན་གྱི་མཛུབ་རིས་ཤིག་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་དང་། སོ་སྔོན་འདིའི་སྐོར་ལ་ཞིབ་ཏུ་ཤེས་འདོད་མཁན་ཞིག་གིས་ས་གནས་འདྲ་མིན་ནས་མཛུབ་རིས་དེ་ལ་ཞིབ་ལྟ་བྱས་ཏེ་སོ་སྔོན་ཡོད་པའི་ཡོ་ཆས་ས་གནས་གང་དག་ལ་ཕྱིན་ཡོད་མེད་བརྩད་ཞིབ་བྱེད་ཐུབ་ཀྱི་ཡོད། ལས་སླ་པོའི་ཐོག་ནས་འགྲེལ་ཚེ། སོ་སྔོན་གྱི་མཛུབ་རིས་དེ་བརྒྱུད་ནས་ཁྱེད་ཀྱི་སྡོད་གནས་རྗེས་འདེད་གཏོང་ཐུབ་ཀྱི་ཡོད་པར་བརྟེན། སོ་སྡོན་གྱི་མཛུབ་རིས་དེ་མི་ངན་པ་ཞིག་གི་ལག་ཏུ་ཤོར་ཚེ། ཁོས་དེ་བེད་སྤྱད་དེ་ཁྱེད་ལ་གནོད་པ་སྐྱེལ་བའི་ཉེན་ཁ་ཆེན་པོ་ཡོད།
ཁ་པར་དང་། རྩིས་འཕྲུལ། ལག་འདོགས་ཆུ་ཚོད་སོགས་ཀྱིས་སོ་སྔོན་གྱི་ཁྱད་ཆོས་བེད་སྤྱད་དེ་གཞི་གྲངས་བརྒྱུད་གཏོང་བྱེད་ཀྱི་ཡོད་སྟབས། མཁོ་ཆས་འདི་དག་བཟོ་སྐྲུན་བྱེད་མཁན་ཚོས་སོ་སྔོན་དང་འབྲེལ་བའི་མི་སྒེར་གྱི་བདེ་འཇགས་དང་གསང་རྒྱའི་སྐོར་གྱི་གནད་དོན་དེ་གླེང་སློང་བྱེད་དགོས་ཀྱི་ཡོད།
ཉམས་ཞིབ་ཚོས་སོ་སྔོན་བརྒྱུད་ནས་མི་སྒེར་གྱི་ཐོག་ལ་འཇབ་རྒོལ་བྱེད་ཐུབ་པ་ཤེས་རྟོགས་བྱུང་ཡོད་ཀྱང་། དམིགས་འབེན་ཏུ་གཟུང་ཡུལ་གྱི་ཡོ་ཆས་གང་རུང་ཞིག་མི་ཚོགས་ཆེན་པོ་ཞིག་གི་ཁྲོད་དུ་ཡོད་ཚེ། འཇབ་རྒོལ་པས་ཡོ་ཆས་བྱེ་བྲག་པ་དེ་ངོས་འཛིན་ནོར་བ་བྱེད་སྲིད་པས། གནས་སྟངས་དེ་འདྲའི་ཁྲོད་དུ། སོ་སྔོན་བརྒྱུད་ནས་བརྩམས་པའི་འཇབ་རྒོལ་ལམ་ལྷོང་ཡོང་ཐུབ་མིན་ཁག་ཐེག་བྱེད་ཐུབ་མེད།