ཐུང་ཐུང་བཟོས་ཡོད་པའི་འབྲེལ་ཐག་ལ་ཡིད་ཆེས་བྱེད་པའི་གོམས་གཤིས།
འབྲེལ་ཐག་བརྒྱུད་ནས་འཇབ་རྒོལ་རྩོམ་མཁན་གྱི་དྲ་ཇག་མང་ཆེ་བས། དྲ་ཚིགས་ཀྱི་ཁ་བྱང་ཐུང་ཐུང་བཟོས་ཡོད་པའི་འབྲེལ་ཐག་དེ་འདྲ་གཏོང་སྲོལ་ཡོད། ནམ་རྒྱུན་གྱི་དྲ་ཚིགས་ཤིག་གི་ཁ་བྱང་གི་འབྲེལ་ཐག་ཅིག་ཡིན་ན། ང་ཚོས་མིག་གིས་བལྟས་པ་ཙམ་གྱིས། འབྲེལ་ཐག་དེས་ང་ཚོ་དྲ་ཚིགས་གང་ཞིག་ལ་འཁྲིད་འགྲོ་གི་ཡོད་མེད་ཤེས་ཐུབ་ཀྱི་ཡོད། དཔེར་ན། འབྲེལ་ཐག https://lamyiq.com/ འདི་ལྟ་བུ་ཡིན་ན། ང་ཚོས་འབྲེལ་ཐག་འདི་ལམ་ཡིག་དྲ་ཚིགས་དང་འབྲེལ་བ་ཡོད་པ་འབྲེལ་ཐག་ལ་བལྟས་ཏེ་བརྗོད་ཐུབ་ཀྱི་ཡོད། འོན་ཀྱང་ཐུང་ཐུང་བཟོས་ཡོད་པའི་འབྲེལ་ཐག་འདི་འདྲའི་རིགས་ཀྱིས་http://shorturl.at/aF457་ང་ཚོ་དྲ་གནས་གང་ཞིག་ལ་འཁྲིད་འགྲོ་གི་ཡོད་མེད། འབྲེལ་ཐག་འདིའི་ཐོག་ཏུ་མནན་པའི་རྗེས་སུ་མ་གཏོགས་ཤེས་ཐབས་མེད་པས། འབྲེལ་ཐག་འདིའི་རིགས་ཀྱིས་ང་ཚོ་གནོད་ཚབས་ཆེ་བའི་དྲ་ངོས་དེ་འདྲར་འཁྲིད་ཏེ་འཇབ་རྒོལ་བྱེད་སྲིད།
དྲ་ཚིགས་གང་རུང་དུ་རང་ཉིད་ཀྱི་གནས་ཚུལ་ཡར་འཇུག་བྱེད་པའི་གོམས་གཤིས།
དུས་རྒྱུན་དུ་དྲ་ཚིགས་འདྲ་མིན་ལྟ་ཀློག་བྱེད་པ་དང་། དྲ་ཐོག་ཏུ་ཅ་ལག་ཉོ་བ་སོགས་བྱེད་པའི་སྐབས་སུ། དྲ་ངོས་མང་དག་ཅིག་གིས་ཁྱེད་ཀྱི་གནས་ཚུལ་དྲ་ལམ་དུ་ཡར་འཇུག་བྱེད་དགོས་པའི་རེ་སྐུལ་ཞུ་ཡི་ཡོད། ང་ཚོའི་ཁྲོད་ཀྱི་དྲ་གྲོགས་མང་དག་ཅིག་གིས། རང་ཉིད་ཀྱི་སྒེར་གྱི་དྲ་ཐོག་གི་བདེ་འཇགས་ཐད་ལ་བསམ་བློ་གང་ཡང་མ་བཏང་བའི་ཐོག་ནས། སོ་སོའི་སྒེར་གྱི་མིང་དང་། སྐྱེས་ཚེས། ཁ་པར་ཨང་གྲངས། དངུལ་བྱང་གི་ཨང་གྲངས་སོགས་དྲ་ཐོག་ཏུ་ཡར་འཇུག་བྱེད་སྲོལ་ཡོད། འདི་ནི་མི་སྒེར་རང་ཉིད་ཀྱི་གསང་རྒྱ་དང་བདེ་འཇགས་ལ་ཉེན་ཁ་ཡོང་སའི་ལམ་ཁ་གཙོ་བོ་ཞིག་ཡིན།
སྤྱི་སྤྱོད་སྐུད་མེད་དྲ་བར་ཡིད་ཆེས་བྱེད་པའི་གོམས་གཤིས།
སྤྱི་སྤྱོད་སྐུད་མེད་དྲ་བ་ཕལ་ཆེ་བ་རིན་མེད་ཡིན་སྟབས། མི་མང་པོ་དེ་བཀོལ་སྤྱོད་བྱེད་རྒྱུར་ཧ་ཅང་དགའ། འོན་ཀྱང་། སྤྱི་སྤྱོད་སྐུད་མེད་དྲ་བ་དེ་བདག་མེད་ལྟ་བུ་ཡིན་པས། བདེ་འཇགས་ཀྱི་ངོས་ཐད་ནས་ཧ་ཅང་ཉེན་ཁ་ཆེ། སྤྱི་སྤྱོད་སྐུད་མེད་དྲ་བའི་ནང་དུ། མི་བཟང་ངན་སྣ་ཚོགས་འཛུལ་གྱི་ཡོད་ལ། མི་ཁ་ཤས་ཀྱིས་དེའི་ནང་ནས་མི་གཞན་ལ་འཇབ་རྒོལ་བྱེད་ཀྱི་ཡོད། འབྲེལ་མཐུད་བར་གྱི་མི་གཞན་པའི་འཇབ་རྒོལ་ཟེར་བ་དེ་སྤྱི་སྤྱོད་སྐུད་མེད་དྲ་བ་བརྒྱུད་ནས་ལས་སླ་པོ་རྩོམ་ཐུབ་ཀྱི་ཡོད།
བཀོལ་ཆས་ནང་འཇུག་གི་གོམས་གཤིས།
ང་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་གིས་རང་ཉིད་ཀྱི་ཁ་པར་ནང་དུ་བཀོལ་ཆས་སྣ་ཚོགས་པ་ནང་འཇུག་བྱེད་སྐབས། ངོས་ཤོག་རྗེས་མ > རྗེས་མ > རྗེས་མ>ནང་འཇུག་གྲུབ་ཟིན། ཟེར་བའི་གོ་རིམ་འདི་མགྱོགས་པོ་ཚར་ཐབས་བྱེད་པ་མ་གཏོགས། བཀོལ་སྤྱོད་གང་དེའི་བཀོལ་སྤྱོད་ཀྱི་ལམ་སྟོན་ཁག་རྩ་བ་ནས་ཀློག་གི་མེད། དྲ་ཐོག་གི་འཇབ་རྒོལ་པས་ཁྱེད་ཀྱི་གོམས་གཤིས་འདི་གོ་སྐབས་སུ་བཟུང་སྟེ། བཀོལ་ཆས་ནང་འཇུག་བརྒྱུད་དེ་ཁྱེད་ཀྱི་ཁ་པར་ནང་དུ་གནོད་ཚབས་ཆེ་བའི་ནད་འབུ་གཏོང་སྲིད།
དྲ་གནས་འདྲ་མིན་ལ་གསང་ཚིག་གཅིག་མཚུངས་བཀོལ་སྤྱོད་བྱེད་པའི་གོམས་གཤིས།
དུས་རྒྱུན་ཏུ་དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་ཡིན་ན། དྲ་ཐོག་ཏུ་བིམ་མཛོད་ཀྱི་གསང་གྲངས་དང། ཡིག་ཟམ་གྱི་གསང་གྲངས། སྐད་འཕྲིན་གྱི་གསང་གྲངས་སོགས་་མང་པོ་བཟོ་དགོས་ཀྱི་ཡོད། འོན་ཀྱང་མི་མང་པོ་ཞིག་གིས། རང་ཉིད་ཀྱིས་དྲན་སླ་བའི་ཆེད་དུ། དྲ་གནས་འདྲ་མིན་མང་པོ་ཞིག་ཏུ་གསང་ཚིག་གཅིག་པ་བཀོལ་གྱི་ཡོད། འདི་དྲ་ཐོག་གི་གོམས་གཤིས་ངན་པ་ཞིག་ཇི་ལྟར་ཆགས་ཀྱི་ཡོད་པ་རེད་ཟེར་ན། ང་ཚོས་སྒྲིག་བཟོ་བྱས་པའི་གསང་ཚིག་ཁག་མི་གཞན་གྱིས་གཏོར་མི་ཐུབ་པ་དེ་འདྲ་ཞིག་གཏན་ནས་མིན་ལ། གལ་ཏེ། ཁྱེད་ཀྱིས་རང་གི་ཁ་པར་ཨང་གྲངས་དང་སྐྱེས་སྐར་ལྟ་བུ་གཞིར་བཞག་པའི་གསང་ཚིག་ཅིག་དྲ་གནས་འདྲ་མིན་ལ་བཀོལ་གྱི་ཡོད་ཚེ། དེ་མི་གཞན་གྱིས་ལས་སླ་པོའི་ཐོག་ནས་ཚོད་དཔག་བྱེད་ཀྱི་ཡོད་སྟབས། གསང་ཚིག་དེ་འདྲ་གཏོར་བར་སྐར་ཆ་ཁ་ཤས་མ་གཏོགས་དགོས་ཀྱི་མེད། དེར་བརྟེན། དྲ་ཇག་ཅིག་གིས་ཁྱེད་ཀྱི་ཡིག་ཟམ་གྱི་གསང་ཚིག་གཏོར་ཐུབ་པ་བྱུང་ཚེ། ཁོས་ཁྱེད་ཀྱི་བིམ་མཛོད་དང་དྲ་གནས་གཞན་པའི་སྟེང་གི་གསང་གྲངས་ཁག་ཀྱང་རང་བཞིན་གྱིས་ཤེས་པ་མ་ཡིན་ནམ། དེར་བརྟེན་དྲ་གནས་འདྲ་མིན་དུ་གསང་ཚིག་གཅིག་པ་བཀོལ་མི་རུང་།