ང་ཚོ་ཚང་མས་སྤྱི་ཚོགས་འབྲེལ་མཐུད་དྲ་བ་སྣ་ཚོགས་ཤིག་བཀོལ་སྤྱོད་བྱས་ཏེ། རང་ཉིད་ཀྱི་གྲོགས་པོ་དང་ནང་མི་ཚོར་འབྲེལ་བ་ཉར་གྱི་ཡོད། མི་ཁ་ཤས་ཀྱིས་སྤྱི་ཚོགས་འབྲེལ་མཐུད་དྲ་བ་བཀོལ་ཏེ་གྲོགས་པོ་གསར་པ་བསྒྲིག་གི་ཡོད་ལ། ཁ་ཤས་ཀྱིས་དེ་བཀོལ་ཏེ་མི་གཞན་ལ་ཤུགས་རྐྱེན་སྤྲོད་ཐབས་བྱེད་ཀྱི་ཡོད། ཡང་ཁག་ཅིག་གིས་སྤྱི་ཚོགས་འབྲེལ་མཐུད་འབྲེལ་བའི་སྟེང་དུ་བརྗོད་གཞི་སྣ་ཚོགས་དང་འབྲེལ་བའི་ནང་དོན་རིགས་(ཟིན་བྲིས་དང་བརྙན་པར་རིགས)ཡར་འཇུག་བྱེད་ཀྱི་ཡོད། ཡིན་ནའང་། མི་ཚང་མས་སྤྱི་ཚོགས་འབྲེལ་མཐུད་ཀྱི་སྡིངས་ཆ་དེ་དག་ང་ཚོ་ནང་བཞིན་བཀོལ་སྤྱོད་བྱེད་ཀྱི་མེད། མི་ཁ་ཤས་ཀྱིས་དམིགས་ཡུལ་ངན་པ་དང་མི་གཞན་ལ་གནོད་འཚེ་གཏོང་བའི་ཆེད་དུ་བཀོལ་གྱི་ཡོད།
རྩོམ་ཡིག་འདིའི་ནང་དུ། ངས་ཁྱེད་ཚོར་རང་རང་གི་གནས་ཚུལ་མང་དག་ཅིག་དོན་མེད་དུ་དྲ་སྟེང་དུ་ཡོངས་ཁྱབ་མ་འགྲོ་བའི་ཐབས་ལམ་སྟབས་བདེ་ཁག་ཅིག་ངོ་སྤྲོད་བྱེད་རྒྱུ་ཡིན།
ཁྱེད་ཀྱི་སྤྱི་ཚོགས་འབྲེལ་བའི་ངོ་བོ་སྒེར་གྱི་རྣམ་པ་ཅན་དུ་བསྒྱུར་དགོས།
སྤྱི་ཚོགས་འབྲེལ་མཐུད་དྲ་བ་ག་འདྲ་ཞིག་བཀོལ་སྤྱོད་བྱེད་ཀྱི་ཡོད་མེད་ལ་མ་ལྟོས་པར། དེ་དག་ཚང་མའི་ནང་གི་ཁྱེད་ཀྱི་ངོ་བོ་སྒེར་གྱི་རྣམ་པ་ཅན་དུ་བསྒྱུར་བའི་གདམ་ག་ཡོད། དེ་སྒྲིག་བཟོ་བྱས་ན། ངོ་མི་ཤེས་པའི་མི་ཚོས་ཁྱེད་ཀྱི་གནས་ཚུལ་ལྟ་ཀློག་བྱེད་མི་ཐུབ།
སྤྱི་ཚོགས་འབྲེལ་མཐུད་དྲ་བའི་སྟེང་དུ་ག་རེ་སྤེལ་མིན་སྐོར་ལ་ཡིད་གཟབ་བྱེད་དགོས།
དྲ་སྟེང་དུ་གནས་ཚུལ་གང་རུང་ཞིག་བརྒྱུད་སྤེལ་མ་བྱས་པའི་སྔོན་ལ་བསམ་བློ་ཡག་པོ་གཏོང་དགོས། ཁྱེད་ཀྱིས་དྲ་སྟེང་དུ་གནས་ཚུལ་ཞིག་སྤེལ་ཚར་བའི་རྗེས་སུ། དེ་མི་གཞན་གྱིས་བརྒྱུད་བསྐུར་དང་། ཕབ་ལེན། པར་བཤུས། གསོག་འཇོག ད་དུང་ཁོང་ཚོའི་དམིགས་ཡུལ་དང་འཚམས་ན། འཆར་ངོས་པར་བརྒྱབ་ནས་ཉར་ཚགས་ཀྱང་བྱེད་སྲིད།
སྤྱི་ཚོགས་འབྲེལ་མཐུད་དྲ་བའི་ཁ་བྱང་རྫུན་མར་དོགས་ཟོན་བྱོས།
དེང་སང་སྤྱི་ཚོགས་འབྲེལ་མཐུད་དྲ་བའི་ཁ་བྱང་རྫུན་མ་བཟོ་རྒྱུ་དེ་ཧ་ཅང་ལས་སླ་པོ་ཡོད། མི་ཁ་ཤས་ཀྱིས་གཞན་ལ་གནོད་པ་སྐྱེལ་བ་དང་དགྲ་ཤ་ལེན་པའི་ཆེད་དུ་སྤྱི་ཚོགས་འབྲེལ་མཐུད་དྲ་བའི་ཁ་བྱང་རྫུན་མ་བཟོ་ཡི་ཡོད། དེར་བརྟེན། གྲོགས་པོ་བསྒྲིག་པའི་རེ་སྐུལ་དེ་འདྲ་འབྱོར་དུས། དེ་དག་དང་ལེན་མ་བྱས་པའི་གོང་ལ། གྲོགས་པོའི་རེ་སྐུལ་གཏོང་མཁན་གྱི་མི་དེའི་ཁ་བྱང་ག་དུས་བཟོས་ཡོད་མེད་དང་། པར་མགོ་ག་རེ་བཞག་ཡོད་མེད། རྒྱབ་ལྗོངས་སུ་པར་དང་བརྙན་སོགས་ག་རེ་བཞག་ཡོད་མེད་སོགས་ལ་ཅུང་ཙམ་བརྟག་དཔྱད་བྱེད་དགོས།
ཁྱེད་རང་སྐོར་གྱི་གསང་བའི་གནས་ཚུལ་སྲུང་སྐྱོབ་བྱོས།
སྤྱི་ཚོགས་འབྲེལ་མཐུད་དྲ་བའི་ཁ་བྱང་ཞིག་སྒོ་འབྱེད་པའི་ཆེད་དུ་བཀོལ་སྤྱོད་བྱས་པའི་ཁྱེད་ཀྱི་ཁ་པར་ཨང་གྲངས་དང་། སྡོད་གནས་ཁ་བྱང་སོགས་མི་སྒེར་གྱི་གསང་བའི་གནས་ཚུལ་རིགས་སྦ་གསང་བྱེད་དགོས་ལ། གསང་ཚིག་གི་རིགས་དྲ་སྟེང་དུ་མི་གཞན་ལ་བརྒྱུད་སྐུར་བྱེད་མི་རུང་། དུས་རྒྱུན་དུ་གསང་ཚིག་ཡང་དང་བསྐྱར་དུ་བརྗེ་དགོས་པ་མ་ཟད། མི་གཞན་གྱིས་ཚོད་དཔག་བྱེད་དཀའ་བའི་གསང་ཚིག་བརྟན་པོ་དེ་འདྲ་བཟོ་དགོས། དྲ་རྒྱ་དང་རྩིས་འཕྲུལ་ལ་བྱང་བའི་མི་ཞིག་གིས་ཁྱེད་རང་སྐོར་གྱི་གནས་ཚུལ་བསྡུ་རུབ་བྱས་ཏེ། ཁྱེད་རང་གི་སྤྱི་ཚོགས་འབྲེལ་མཐུད་དྲ་བའི་ཁ་བྱང་རྫུན་མ་ཞིག་ལས་སླ་པོའི་ཐོག་ནས་བཟོ་ཐུབ།
དོགས་གཞི་ཅན་གྱི་ཆ་འཕྲིན་རིགས་ལ་དོན་ཟོན་བྱེད་དགོས།
དེང་སང་། དྲ་ཐོག་གི་འཇབ་རྒོལ་པ་མང་པོ་ཞིག་ཚོང་ལས་སྡེ་ཁག་དང་སྲིད་གཞུང་གང་རུང་ལ་བརྫུས་ཏེ། ཁྱེད་ཀྱི་སྤྱི་ཚོགས་འབྲེལ་མཐུད་དྲ་བའི་ཁ་བྱང་གི་ནང་དུ་འཛུལ་ཐབས་བྱེད་ཀྱི་ཡོད། ཁོང་ཚོས་ཁྱེད་ལ་འབྲེལ་ཐག་འདྲ་མིན་བཏང་སྟེ་ཉྭ་འཛིན་གྱི་འཇབ་རྒོལ་རྩོམ་གྱི་ཡོད། སྤྱི་ཚོགས་འབྲེལ་མཐུད་བཟོ་ལས་ཁང་ཆེ་ཁག་གིས། ཉྭ་འཛིན་གྱི་འཇབ་རྒོལ་དེ་རིགས་རང་འགུལ་གྱི་ཐོག་ནས་བཀག་འགོག་བྱེད་ཀྱི་ཡོད་རུང་། ག་དུས་ཡིན་ཡང་། འབྲེལ་ཐག་རིགས་དང་རྒྱང་རིང་པོ་བྱས་ནས་སྡོད་རྒྱུ་གལ་ཆེ། སྤྱི་ཚོགས་འབྲེལ་མཐུད་དྲ་བ་ཁག་གི་ནང་དུ་འབྱོར་བའི་འབྲེལ་ཐག་ཁག་གི་ཐོག་ལ་རྩ་བ་ནས་མ་ནོན། གང་ཡིན་ཞེ་ན། དེ་དག་མང་ཆེ་བས་ཁྱེད་ཀྱི་རྩིས་འཕྲུལ་དང་ཁ་པར་སོགས་ལ་གནོད་སྐྱོན་གཏོང་སྲིད།
མཇུག་སྡོམ། གོང་དུ་བརྗོད་པའི་གོ་རིམ་འདི་དག་ཁྱེད་ཀྱིས་ལག་བསྟར་གནང་ཚེ། དྲ་ཐོག་གི་ཉེན་ཁ་མང་དག་ཅིག་ལ་གཡོལ་ཐུབ། ཧ་ཅང་འཕྱི་མ་དྲགས་པའི་གོང་ལ། དྲ་ཐོག་གི་ལག་ལེན་ཡག་ཤོས་འདི་དག་ཧ་གོ་བ་བྱེད་རྒྱུ་གལ་ཆེ་སྙམ་མོ།།