འདས་པའི་ལོ་བཅུའི་ནང་དུ། མཉེན་ཆས་ཀྱི་བཟོ་ལས་ཁང་ཁག་གི་ནང་དུ་སྤྲིན་མཛོད་ཀྱི་ཞབས་ཞུ་དར་ཁྱབ་ཆེན་པོ་ཆགས་ཡོད་ལ། ད་ཆ་འཛམ་གླིང་གི་བཟོ་ལས་ཁང་ཆེ་གྲས་ཁག་ལ་རང་རང་གི་སྤྲིན་མཛོད་ཀྱི་ཞབས་ཞུ་ཡོད། སྤྲིན་མཛོད་ནི་ཚོང་ལས་ཀྱི་ལམ་ཁ་ཞིག་ཡིན། སྤྲིན་མཛོད་ཀྱི་ཞབས་ཞུ་བཀོལ་སྤྱོད་བྱེད་མཁན་གྱི་འཛད་སྤྱོད་པ་ཚོས་སོ་སོའི་གཞི་གྲངས་ཁག་དྲ་ཐོག་ཏུ་བརྟན་པོར་ཉར་ཚགས་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། རང་ཉིད་འཛམ་གླིང་གི་ས་ཆ་གང་དུ་ཡོད་མེད་ལ་མ་ལྟོས་པར། དྲ་སྦྲེལ་ཡོད་པའི་རྗེས་སུ། དྲ་ཐོག་ཏུ་གསོག་ཉར་བྱས་པའི་གཞི་གྲངས་དེ་དག་ག་དུས་ཡིན་ཡང་སྤྱོད་ཐུབ་ཀྱི་ཡོད་ལ། ཆོག་མཆན་སྤྲད་ཡོད་སའི་མི་ཚང་མར་གཞི་གྲངས་དེ་དག་ལས་སླ་པོའི་ཐོག་ནས་བགོ་འགྲེམས་བྱེད་ཐུབ་ཀྱི་ཡོད།
དྲ་སྟེང་དུ་ཉར་ཚགས་བྱས་པའི་གཞི་གྲངས་དེ་དག་མི་ཞིག་གིས་རང་ཉིད་ཀྱི་ཁ་པར་དང་། རྩིས་འཕྲུལ། རྩིས་འཕྲུལ་ལེབ་མོ་སོགས་བརྒྱུད་དེ་ཕབ་ལེན་བྱེད་ཐུབ་ཀྱི་ཡོད། གཞི་གྲངས་དེ་དག་གཅིག་ལས་མང་བའི་དྲ་བའི་ཞབས་ཞུ་ཆས་ཁ་ཤས་ཀྱི་ནང་དུ་དུས་གཅིག་ཏུ་ཉར་ཚགས་བྱས་ཏེ། དྲ་བའི་ཞབས་ཞུ་ཆས་གཅིག་ལ་སྐྱོན་ཤོར་བའམ། དྲ་བའི་ཞབས་ཞུ་ཆས་གཅིག་ནང་གི་གཞི་གྲངས་ཁག་བོར་བརླག་བྱུང་ཚེ། དྲ་བའི་ཞབས་ཞུ་ཆས་གཞན་པ་བརྒྱུད་དེ། འཛད་སྤྱོད་པར་ག་དུས་ཡིན་ཡང་རང་ཉིད་ཀྱི་གཞི་གྲངས་ཁག་རག་ཐུབ་པའི་ཁག་ཐེག་བྱེད་ཀྱི་ཡོད།
དཔེར་ན། རྩིས་འཕྲུལ་ཡོད་མཁན་གྱི་མི་ཞིག་གིས་རང་ཉིད་ཀྱི་འདྲ་པར་ཁག་སོ་སོའི་རྩིས་འཕྲུལ་གྱི་མཁྲེགས་ཆས་ཀྱི་ནང་དུ་ཉར་ཚགས་བྱེད་ཀྱི་ཡོད་ལ། གལ་ཏེ་རྩིས་འཕྲུལ་རྐུ་མ་ཤོར་རུང་། དེའི་ནང་གི་ཡིག་ཆ་ཁག་བོར་བརླག་མ་འགྲོ་བའི་ཕྱིར་དུ། རྩིས་འཕྲུལ་ནང་དུ་ཉར་ཚགས་བྱས་པའི་ཡིག་ཆ་ཁག་དུས་མཚུངས་སུ། སྤྲིན་མཛོད་ཀྱི་ནང་དུའང་ཉར་ཚགས་བྱེད་ཀྱི་ཡོད།
སྤྲིན་མཛོད་ཀྱི་དགེ་མཚན།ག་དུས་ཡིན་ཡང་རག་ཐུབ་པའི་ཁྱད་ཆོས།དྲ་སྦྲེལ་ཡོད་སའི་ས་ཆ་གང་རུང་ནས་སྤྲིན་མཛོད་ནང་དུ་ཉར་ཚགས་བྱས་པའི་ཡིག་ཆ་ཁག་སྤྱོད་ཐུབ་ཀྱི་ཡོད།
སླར་གསོ།
གལ་ཏེ། ཁྱེད་ཀྱི་མཁྲེགས་ཆས་གང་རུང་ལ་སྐྱོན་ཤོར་ཏེ་ལས་ཀ་མ་བྱས་པའམ། ཡང་ན། ཁྱེད་ཀྱི་ཡོ་ཆས་གཞན་གྱིས་བརྐུས་ཚེ། ཁྱེད་ཀྱིས་སོ་སོའི་ཡིག་ཆ་ཁག་སྤྲིན་མཛོད་བརྒྱུད་དེ་རག་ཐུབ་ཀྱི་ཡོད། དེར་བརྟེན། སྤྲིན་མཛོད་ནི།ཁྱེད་ཀྱི་སྐུལ་ཆས་དང་མཁྲེགས་ཆས་ནང་དུ་ཡོད་པའི་ཡིག་ཆ་ཁག་གྲབས་ཉར་བྱེད་ཐབས་ཀྱི་ཇུས་གཞི་ཞིག་ཡིན།
གོམ་མཉམ་དང་གསར་སྣོན།
ཁྱེད་ཀྱིས་སྤྲིན་མཛོད་ཀྱི་ནང་དུ་ལས་ཀ་བྱེད་པའི་སྐབས་སུ། སྤྲིན་མཛོད་ཀྱི་ནང་གི་ཡིག་ཆ་གང་རུང་ཞིག་ལ་འགྱུར་བ་བཏང་ཚེ། སྤྲིན་མཛོད་བཀོལ་སྤྱོད་བྱ་སའི་ཁྱེད་ཀྱི་ཡོ་ཆས་ཚང་མའི་ནང་ནས་ཡིག་ཆ་གང་དེ་གོམ་པ་མཉམ་སྤོ་ལྟ་བུ་བྱས་ཏེ་རང་བཞིན་གྱི་ཐོག་ནས་གསར་སྣོན་བྱེད་འགྲོ་ཡི་ཡོད།
སྟབས་བདེའི་ཡིག་ཆ་མཉམ་སྤྱོད།
འཛམ་གླིང་ནང་གི་སྤྲིན་མཛོད་ཀྱི་ཞབས་ཞུ་ཚང་མས་ཡིག་ཆ་མཉམ་སྤྱོད་ཀྱི་ཁྱད་ཆོས་མཁོ་སྤྲོད་བྱེད་ཀྱི་ཡོད་ལ། ཁྱད་ཆོས་དེས་ཁྱེད་ཀྱི་ཡིག་ཆ་ཁག་འཛད་སྤྱོད་པ་གཞན་པར་བརྒྱུད་སྐུར་དང་མཉམ་སྤྱོད་བྱེད་དུ་འཇུག་གི་ཡོད། ཁྱེད་ཀྱིས་ཡིག་ཆ་གང་རུང་ཞིག་འཛད་སྤྱོད་པ་གཞན་ཞིག་ལ་གཏང་ཆོག་ལ། མི་མང་པོ་ཞིག་གིས་ཁྱེད་ཀྱི་ཡིག་ཆ་ལྟ་ཆོག་པའི་གདན་ཞུ་ཡང་གནང་ཆོག
སྤྲིན་མཛོད་ཀྱི་སྐྱོན་ཆ།
དྲ་རྒྱར་བརྟེན་པའི་གཤིས་ཀ
སྤྲིན་མཛོད་ཀྱི་ཞབས་ཞུ་ཚང་མ་དྲ་རྒྱར་བརྟེན་ཡོད། དེ་བས། ཁྱེད་རང་དྲ་རྒྱའི་འབྲེལ་མཐུད་ཡག་པོ་མེད་སའི་ས་ཆ་ཞིག་ཏུ་ཡོད་ཚེ། སྤྲིན་མཛོད་ནང་དུ་ཡོད་པའི་ཡིག་ཆ་ཁག་རག་པར་དཀའ་ངལ་འཕྲད་ངེས་ལ། དེ་བཞིན། ཁྱེད་རང་དྲ་རྒྱ་གཏན་ནས་མེད་སའི་ས་ཆ་ཞིག་གི་ནང་དུ་སླེབས་ཚེ། སྤྲིན་མཛོད་ནང་གི་ཡིག་ཆ་ཁག་རྩ་བ་ནས་སྤྱོད་མི་ནུས།
རྒྱབ་སྐྱོར་ཞབས་ཞུ།
གལ་ཏེ།ཁྱེད་ཀྱིས་རིན་མེད་ཀྱི་སྤྲིན་མཛོད་བཀོལ་སྤྱོད་བྱེད་ཀྱི་ཡོད་ཚེ།ནམ་ཞིག་སྤྲིན་མཛོད་དང་འབྲེལ་བའི་དཀའ་ངལ་ཞིག་འཕྲད་རུང་།དེ་འབྲེལ་གྱི་དཀའ་ངལ་སེལ་བར་རོགས་པ་བྱེད་མཁན་ཞབས་ཞུ་ཡོད་རྒྱུ་ཧ་ཅང་དཀའ།
གཞི་གྲངས་ཀྱི་གསང་རྒྱ་དང་བདེ་འཇགས།
ཁྱེད་ཀྱིས་སྤྲིན་མཛོད་ཀྱི་ཞབས་ཞུ་གང་རུང་བཀོལ་ཚར་བའི་རྗེས་སུ།གཞི་གྲངས་ཁག་རང་ཉིད་ཀྱི་ཡོ་ཆས་ནང་དུ་མེད་པར་དྲ་སྟེང་དུ་བཞག་ཡོད་སྟབས། སོ་སོའི་ཡིག་ཆའི་བདག་དབང་ཤོར་གྱི་ཡོད། གང་ཡིན་ཞེ་ན། སུ་ཞིག་གིས་ཁྱེད་ཀྱི་ཡིག་ཆ་དྲ་སྟེང་དུ་བརྟན་པོར་་གནས་ཡོད་པའི་ཁག་ཐེག་བྱེད་ཐུབ་ཀྱི་ཡོད་དམ་ཟེར་བ་དེ་གནད་འགག་ཆེ་བའི་དྲི་བ་ཞིག་ཆགས་ཀྱི་ཡོད། སྤྲིན་མཛོད་ཀྱི་ཞབས་ཞུ་མང་པོར་བདེ་འཇགས་དང་གསང་རྒྱའི་སྲིད་ཇུས་ངེས་གཏན་མེད་ལ། སྤྲིན་མཛོད་ནང་གི་གཞི་གྲངས་ཁག་ཕྱི་ལ་ཤོར་བའི་དོན་རྐྱེན་ཡང་མང་པོ་འབྱུང་གི་ཡོད།