སྡོམ་ཐག་དྲ་བ།

ཉེ་བའི་ལོ་ཁ་ཤས་ཀྱི་ནང་དུ། གསང་སྡོམ་དངུལ་སྒོར་ཁག་འཛམ་གླིང་གི་ས་ཆ་སོ་སོའི་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགྱུར་གྱི་འགོ་བརྗོད་གཙོ་བོ་དེ་ཆགས་ཡོད་པ་བཞིན། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ཀྱང་དཔལ་འབྱོར་གྱི་ཁྲོམ་ར་དོ་དམ་བྱེད་པའི་འབད་རྩོལ་བྱེད་ཀྱིན་ཡོད་རུང་། པི་ཐེ་དངུལ་ལོར(比特币)་དང་ཁྱི་ལོར་(狗币)སོགས་ཐེ་བའི་གསང་སྡོམ་དངུལ་སྒོར་གྱི་ཁྲོམ་རའི་ནང་དུ་མ་རྩ་འཛུགས་མཁན་གྱི་གྲངས་འབོར་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་འཕེལ་ཡོང་གི་ཡོད། གསང་སྡོམ་དངུལ་སྒོར་འདི་དག་གི་རྒྱབ་ཀྱི་འཕྲུལ་རྩལ་གྱི་མིང་ལ་སྡོམ་ཐག་(区块链)ཟེར། 

སྡོམ་ཐག་ནི་ཅི་ཞིག་ཡིན། 

སྡོམ་ཐག་ཟེར་བའི་ཐ་སྙད་འདི་སྐད་ཡིག་ཡོད་དོ་ཅོག་གི་ནང་དུ་ཅུང་ཟད་མགོ་ཉོག་ཅིག་ཏུ་མཐོང་གི་ཡོད། འོན་ཀྱང་། དོན་དངོས་ཐོག་སྡོམ་ཐག་གི་ལྟ་གྲུབ་བམ་སྤྱི་དོན་ནི་ཧ་ཅང་སྟབས་བདེ་ཞིག་ཡིན། སྡོམ་ཐག་ནི་གཞི་གྲངས་ཀྱི་རེའུ་མིག་ཅིག་ཡིན། གཞི་གྲངས་ཀྱི་རེའུ་མིག་ནི་རྩིས་འཕྲུལ་གྱི་མ་ལག་གི་ཁོངས་སུ་གློག་རྡུལ་གྱི་རྣམ་པའི་ཐོག་ཉར་ཚགས་བྱས་པའི་ཀུན་བཏུས་ཀྱི་ཆ་འཕྲིན་དང་གཞི་གྲངས་ལ་ཟེར། སྡོམ་ཐག་གིས་དབང་ཚད་ཆ་བགོས་ཀྱི་གཞི་གྲངས་སམ། གློག་རྡུལ་རྩིས་ཁྲ། ཉོ་ཚོང་གི་རྩིས་ཁྲ་སོགས་སྡོམ་ཐག་གི་དྲ་བའི་སྟེང་དུ་ཡོད་པའི་མི་ཚང་མར་མཐོང་དུ་འཇུག་གི་ཡོད། དྲ་བ་འདི་རྩིས་འཕྲུལ་མང་པོ་ཞིག་གི་ཕྲེང་བ་ཡིན་ལ། དེས་དྲ་བའི་སྟེང་གི་ཉོ་ཚོང་གི་བརྗེ་ལེན་མཐའ་དག་ར་སྤྲོད་དང་ཉར་ཚགས་མ་བྱས་པའི་གོང་དུ་ངེས་པར་དུ་ངོས་ལེན་བྱེད་དགོས་ཀྱི་ཡོད།

སྡོམ་ཐག་ནི། 

དུས་ཚོད་ཀྱི་ཐམ་རྟགས་བརྒྱབ་པའི་རིམ་པ་བསྟར་ཆགས་ཀྱི་གཞི་གྲངས — འདིའི་དོན་ནི། གཞི་གྲངས་རེ་རེའི་སྟེང་དུ་དུས་ཀྱི་ཐམ་རྟགས་ཡོད། 

བསྒྱུར་བཅོས་དང་ཆག་སྐྱོན་གཏོང་མི་ཐུབ་པའི་གཞི་གྲངས་ཀྱི་ཟིན་ཐོ —འདིའི་དོན་ནི། དྲ་བའི་སྡོམ་ཐག་སྟེང་གི་གཞི་གྲངས་གང་ཡང་བརྗེ་བསྒྱུར་གཏོང་མི་ཐུབ། 

རྩིས་འཕྲུལ་ཚོམས་ཀྱིས་དོ་དམ། —འདིའི་དོན་ནི། དྲ་བའི་སྡོམ་ཐག་སྟེང་གི་གཞི་གྲངས་ཁག་འཛམ་གླིང་ནང་གི་རྩིས་འཕྲུལ་ས་ཡ་མང་པོས་དོ་དམ་དང་སྟངས་འཛིན་བྱེད་ཀྱི་ཡོད། 

སྡོམ་ཐག་གིས་བྱེད་ལས་ཇི་ལྟར་རྩོམ་གྱི་ཡོད་དམ།

སྡོམ་ཐག་ནི་མཉམ་སྤྱོད་ཀྱི་རྩིས་ཁྲ་ཞིག་ཡིན་ལ། སྡོམ་ཐག་གིས་འཛད་སྤྱོད་པ་ཚོར་བར་གནས་ཀྱི་གང་ཟག་གསུམ་པ(སྲིད་གཞུང་དང་དངུལ་ཁང་སོགས)མེད་པའི་ཐོག་ནས་ཕན་ཚུན་བར་དངུལ་གཏོང་ལེན་བྱེད་དུ་འཇུག་གི་ཡོད། མི་ཕན་ཚུན་བར་དངུལ་གཏོང་ལེན་བྱེད་པར་སྡོམ་ཐག་གི་སྒོར་ཁུག་ཅིག་དགོས་ཀྱི་ཡོད།  སྡོམ་ཐག་གི་སྒོར་ཁུག་ནི་གཞན་གང་ཡང་མ་ཡིན་པར། བྱ་རིམ་ཞིག་ཡིན་ལ། དེས་ པི་ཐེ་དངུལ་ལོར་(比特币)དང་ཨེ་ཐེ་རེམ(以太坊)་སོགས་ཉོ་ཚོང་བྱེད་དུ་འཇུག་གི་ཡོད། སྒོར་ཁུག་འདིའི་རིགས་གསང་སྡོམ་གྱི་ཐབས་ལམ་(ཡོངས་ཁྱབ་ཀྱི་ལྡེ་མིག་དང་སྒེར་གྱི་ལྡེ་མིག)བེད་སྤྱད་དེ་སྲུང་སྐྱོབ་བྱས་ཡོད་སྟབས། མི་སྒེར་སོ་སོར་རང་ཉིད་ཀྱི་སྒོར་ཁུག་ནང་གི་གསང་སྡོམ་དངུལ་སྒོར་གཏོང་ལེན་དང་སྟངས་འཛིན་བྱེད་པའི་དབང་ཆ་ཆ་ཚང་ཡོད། 

འཛད་སྤྱོད་པ་ཞིག་གིས་སྡོམ་ཐག་གི་དྲ་བའི་ནང་དུ་ཕར་གཏོང་ཚུར་ལེན་གྱི་ཉོ་ཚོང་གང་རུང་ཞིག་བྱེད་པའི་སྐབས་སུ། སྡོམ་ཐག་གི་དུམ་བུ་ཞིག་བསྐྲུན་གྱི་ཡོད་ལ། དེས་ཉོ་ཚོང་ཞིག་བྱས་བ་མཚོན་གྱི་ཡོད། སྡོམ་ཐག་གི་དུམ་བུ་ཞིག་བསྐྲུན་ཚར་བའི་རྗེས་སུ། ཉོ་ཚོང་གི་རེ་སྐུལ་དེ་མཐུད་སྣེ་ཟེར་བའི་རྩིས་འཕྲུལ་མང་པོ་ཡོད་པའི་སྣེ་གཉིས་བར་གྱི་དྲ་བའི་སྟེང་དུ་ཡོངས་བསྒྲགས་བྱེད་ཀྱི་ཡོད་པ་དང་། སྣེ་གཉིས་བར་གྱི་དྲ་བ་དེས་ཉོ་ཚོང་གི་བྱེད་ལས་དེ་ཁུངས་སྐྱེལ་དང་ར་སྤྲོད་བྱེད་ཀྱི་ཡོད། 

ར་སྤྲོད་བྱས་པའི་ཉོ་ཚོང་གི་ཁོངས་སུ། གསང་སྡོམ་དངུལ་སྒོར་དང་། འབྲེལ་ཐོ། ཟིན་ཐོ། དེ་བཞིན་རྩ་ཆེ་བའི་ཆ་འཕྲིན་སོགས་ཚུད་ཡོད། ཉོ་ཚོང་ཞིག་ར་སྤྲོད་བྱས་ཚར་བ་ཡིན་ན། དེ་སྡོམ་ཐག་གི་དུམ་བུ་གཞན་དང་མཉམ་དུ་སྦྲེལ་ཏེ། རྩིས་ཐོའི་ཆེད་དུ་གཞི་གྲངས་ཀྱི་སྡོམ་ཐག་དུམ་བུ་གཞན་ཞིག་བསྐྲུན་གྱི་ཡོད། ངེས་པར་དུ་ཤེས་དགོས་པ་ཞིག་ནི། ཕར་གཏོང་ཚུར་ལེན་གྱི་ཉོ་ཚོང་གི་བྱེད་སྒོ་རེ་རེར་གསང་སྡོམ་གྱི་ཁྱད་ཆོས་ལྡན་པའི་སྡོམ་ཐག་དུམ་བུ་རེ་རེ་བསྐྲུན་གྱི་ཡོད། སྡོམ་ཐག་གི་དུམ་བུ་རེ་རེ་བཟོ་བའི་སྐབས་སུ། དེ་དག་བརྗེ་བསྒྱུར་བྱེད་མི་ཐུབ་པའི་སྔར་ཡོད་ཀྱི་སྡོམ་ཐག་གི་དྲ་བའི་ཐོག་ཏུ་ཁ་སྣོན་བྱེད་ཀྱི་ཡོད། 

སྡོམ་ཐག་བརྟན་པོ་ཡོད་པའི་རྒྱུ་མཚན་གང་ལ་ཐུག་ཡོད།

ཕྲེང་བའི་འཆར་འགོད། སྡོམ་ཐག་ནི་བསྒྱུར་བཅོས་བྱེད་མི་ཐུབ་པའི་གསང་སྡོམ་གྱི་ཕྲེང་ཐག་ཅིག་ཡིན་ལ། དེར་ཆག་སྐྱོན་གཏོང་མི་ཐུབ།  སྡོམ་ཐག་གི་ནང་དུ་ཡོད་པའི་གཞི་གྲངས་ཁག་ར་སྤྲོད་ཀྱི་གོ་རིམ་མ་བརྒྱུད་པར་སུ་གང་གིས་ཀྱང་བསྒྱུར་བཅོས་དང་ནག་གསུབ་སོགས་རྩ་བ་ནས་གཏོང་མི་ཐུབ། སྡོམ་ཐག་གི་ནང་དུ་ཉར་ཚགས་བྱས་པའི་གཞི་གྲངས་ཁག་ཀྱང་གསང་ཨང་རིག་པས་སྲུང་སྐྱོབ་བྱེད་ཀྱི་ཡོད། 

བགོ་འགྲེམས་ཀྱི་བཀོད་པ། — སྡོམ་ཐག་གི་དྲ་བའི་ནང་དུ་གཞི་གྲངས་ཀྱི་པར་བཤུས་ཁག་ཉར་ཚགས་བྱེད་མཁན་གྱི་དབུས་ཀྱི་དབང་འཛིན་ལས་ཁུངས་མེད་པ་དེ་བདེན་པ་ཡིན་པས། མི་སྒེར་གྱི་ཆ་འཕྲིན་དང་གསང་བ་ཁག་ཕྱི་ལ་མ་ཤོར་བ་བྱེད་ཐུབ། དྲ་ཐོག་གི་འཇབ་རྒོལ་པ་ཞིག་གིས་འཛམ་གླིང་ནང་གི་རྩིས་འཕྲུལ་ས་ཡ་མང་པོའི་ནང་གི་ཟིན་ཐོ་རྫུན་སྒྲིག་བྱས་ན་མ་གཏོགས། སྡོམ་ཐག་གི་དྲ་བའི་ནང་གི་གཞི་གྲངས་ཁག་ལ་འཇབ་རྒོལ་བྱེད་མི་ཐུབ། 

མཇུག་སྡོམ། 

སྡོམ་ཐག་དེ་དངུལ་རྩིས་ཁྲོམ་ར་ཙམ་མ་ཡིན་པར། འཕྲོད་བསྟེན་ལྟ་སྐྱོང་དང་། ཅ་དངོས་མཁོ་མདོན་དོ་དམ། སྲིད་གཞུང་། ཚོང་ལས་སྤྱི་གཉེར་ཁང་། ས་ཁང་བདག་ཁོངས། ཉེན་སྲུང་འགན་ལེན་མ་འཇོག་སོགས་ལས་རིགས་གཞན་ཁག་མང་པོའི་ཁོངས་སུའང་བཀོལ་སྤྱོད་བྱེད་ཆོག་གི་ཡོད། སྡོམ་ཐག་གི་འཕྲུལ་རྩལ་འདི་མ་འོངས་པར་མུ་མཐུད་ནས་འཛམ་གླིང་ནང་གནས་ངེས། གང་ཡིན་ཞེ་ན། འཛམ་གླིང་གི་ཚོང་དོན་གྱི་སྒྲིག་འཛུགས་མང་པོ་ཞིག་གིས་རང་རང་གི་ལས་དོན་གྱི་ཁྲོད་དུ་སྡོམ་ཐག་གི་འཕྲུལ་རིག་ལག་རྩལ་འདི་ལག་བསྟར་བྱས་ཚར་ཡོད་ལ། གྷ་ཁྲི་ནེར་དྲ་གནས་ཀྱི་ཐོག་ཏུ་གནས་ཚུལ་འཁོད་གསལ་ལྟར་ན། སྤྱི་ལོ་༢༠༣༠་ལོའི་བར་དུ། འཛམ་གླིང་གི་སྡོམ་ཐག་གི་ཁྲོམ་རའི་ཚད་གཞི་ཁྲག་ཁྲིག་ཆེན་པོ་༣་དང་གྲངས་ཆུང་༡་(3.1万亿美元)བརྒལ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

Leave a Reply

Your email address will not be published. Required fields are marked *