1Password (གསང་ཚིག་༡)ནི། AgileBits ་བཟོ་ཚོང་ཁང་གིས་སྤྱི་ལོ་༢༠༡༦་ལོརའདོན་སྤེལ་བྱས་པ་ཞིག་ཡིན།
དྲ་ཐོག་གི་འཇབ་རྒོལ་རིགས་ཉིན་རེ་ལས་ཉིན་རེར་མང་དུ་འགྲོ་བཞིན་ཡོད་ལ། དྲ་ཐོག་གི་འཇབ་རྒོལ་པ་ཚོས་མི་སྒེར་གྱི་འཕྲུལ་རིག་དང་འབྲེལ་བའི་ཞན་ཆ་གོ་སྐབས་བཟུང་སྟེ་གནས་ཚུལ་རྐུ་འཁྱེར་བྱེད་ཐབས་ཀྱི་རྩོལ་བ་སྔར་ལས་ཤུགས་ཆེ་རུ་གཏོང་གི་ཡོད་སྟབས། རང་ཉིད་ཀྱི་དྲ་ཐོག་གི་ཡིག་ཟམ་དང་དངུལ་ཁང་གི་ཁ་བྱང་སོགས་བརྟན་པོ་བཟོ་རྒྱུ་དེ་ད་ལྟའི་དུས་ཀྱི་ཉིན་རེའི་འཚོ་བའི་ནང་གི་དོན་དག་གལ་ཆེན་ཞིག་ཆགས་ཡོད། གསང་ཚིག་ལས་སླ་བོ་དང་ཚོད་དཔག་བྱེད་བདེ་པོ་ཡོད་ན། དེས་འཇབ་རྒོལ་པའི་ལས་ཀ་ལས་སླ་རུ་གཏོང་གི་ཡོད། དེ་བཞིན། ཁྱེད་ཀྱིས་བརྟན་པོ་དང་མགོ་ཉོག་པོ་ཞིག་བཟོས་པའི་དབང་དུ་བཏང་རུང་། ཁྱེད་ཀྱིས་གསང་ཚིག་མགོ་ཉོག་པོ་དེ་གནས་མ་འདྲ་བ་མང་པོར་གཅིག་མཚུངས་ཀྱི་ཐོག་ནས་བཀོལ་སྤྱོད་བྱས་ཚེ། གསང་ཚིག་བརྟན་པོ་དེའི་ཉེན་སྲུང་གི་ནུས་པ་ཤོར་འགྲོ་ཡི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས། གསང་ཚིག་༡ འམ་ཡང་ན། 1Password་གསར་གཏོད་བྱས་པ་རེད།
གསང་ཚིག་༡ འམ་ཡང་ན། 1Password་ནི་གསང་ཚིག་དོ་དམ་བྱེད་སྤྱད་ཀྱི་མ་ལག་གམ་ཞབས་ཞུ་ཞིག་ཡིན་ལ། མ་ལག་དེས་གཅིག་མཚུངས་མིན་པའི་གསང་ཚིག་མང་པོ་ཞིག་གནས་གཅིག་ལ་ཉར་ཚགས་བྱེད་ཐུབ་ཀྱི་ཡོད་པས། རང་ངོས་ནས་བཟོས་པའི་གསང་ཚིག་མགོ་ཉོག་པོ་དེ་དག་སོ་སོའི་སེམས་ལ་བཟུང་མི་དགོས། ཁྱེད་ཀྱིས་དྲན་དགོས་པའི་གསང་ཚིག་གཅིག་དེ་ནི། 1Password ཞབས་ཞུ་བཀོལ་སྤྱོད་བྱེད་པའི་སྐབས་སུ་གཏག་དགོས་པའི་གསང་ཚིག་དེ་ཡིན།
ཐོག་མའི་ཆར། 1Passwordཞབས་ཞུ་དེ་ཀུ་ཤུའི་རྩིས་འཕྲུལ་གྱི་ནང་དུ་མ་གཏོགས་མེད་ཀྱང་། ད་ཆ། linux དང་། སྐར་ཁུང་རྟགས་ཅན་གྱི་རྩིས་འཕྲུལ། ཨན་ཌོ་དང་ཀུ་ཤུ་ཁ་པར་སོགས་ཀྱི་ནང་དུའང་བཀོལ་སྤྱོད་བྱེད་ཐུབ་པ་བཟོས་ཡོད་ལ།ཞབས་ཞུ་དེས།ཁྱེད་རང་གི་ཁ་པར་དང་རྩིས་འཕྲུལ་སོགས་ཀྱི་ནང་དུ་གཏགས་པའི་དངུལ་ཁང་གི་གསང་གྲངས་དང་།བྱང་བུའི་གསང་གྲངས།ཡིག་ཟམ་གྱི་གསང་གྲངས་སོགས་ཕྱོགས་གཅིག་ཏུ་ཉར་ཚགས་བྱེད་ཀྱི་ཡོད།
གསང་རྒྱ་དང་བདེ་འཇགས།
1Password་བཟོ་ལས་ཁང་གིས། རང་ཉིད་ཀྱི་དྲ་ཚིགས་སྟེང་དུ། བདེ་འཇགས་ནི་ཁྱད་ཆོས་ཤིག་མ་ཡིན་པར། ང་ཚོའི་གཞི་རྩ་ཡིན་ཞེས་དང་། མི་སྒེར་གྱི་གསང་རྒྱ་དང་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོ་བཟོ་ལས་ཁང་གི་གཞི་རྩའི་ཐག་གཅོད་ཅིག་ཡིན་ཞེས་གསལ་འདུག 1Password་ཞབས་ཞུའི་ཁོངས་སུ་ཉར་ཚགས་བྱས་པའི་གསང་ཚིག་དང་གཞི་གྲངས་ཡོངས་རྫོགས་AES 256-bit ཚད་གཞི་ཅན་གྱི་གསང་སྡོམ་བྱས་ཡོད།
1Password་ཞབས་ཞུའི་ནང་འཛུལ་བའི་སྐབས་སུ་བཀོལ་སྤྱོད་བྱས་པའི་གསང་ཚིག་དེ་1Password་ཞབས་ཞུའི་ཁོངས་སུ་རྩ་བ་ནས་ཉར་ཚགས་བྱེད་ཀྱི་མེད་ལ། དྲ་གནས་གཞན་པར་ཡང་བརྒྱུད་གཏོང་བྱེད་ཀྱི་མེད། དེ་མ་ཟད། 1Password་ཞབས་ཞུ་དང་ཐོག་སྒྲིག་བཟོ་བྱེད་པའི་སྐབས་སུ་བསྐྲུན་པའི་གསང་བའི་ལྡེ་མིག་དེའང་ཁྱེད་རང་གི་ཡོ་ཆས་ཀྱི་ནང་དུ་མ་གཏོགས། 1Password་ཞབས་ཞུའི་ནང་དུ་རྩ་བ་ནས་ཉར་ཚགས་བྱེད་ཀྱི་མེད། 1password་ཞབས་ཞུའི་ནང་འཛུལ་བའི་སྐབས་སུ་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་གསང་ཚིག་དེ་ཁྱེད་རང་གཅིག་པུ་ལ་དབང་བ་ཡིན་པས། གལ་ཏེ། ཁྱེད་ཀྱིས་གསང་ཚིག་དེ་བརྗེད་པ་ཡིན་ན། དེ་སླར་གསོ་བྱེད་པའི་ཐབས་ལམ་མེད། རྒྱུ་མཚན་དེའི་དབང་གིས། 1Password་ཞབས་ཞུ་དེ་སྤྱི་ཡོངས་ཀྱི་ཐོག་ནས་ཧ་ཅང་བརྟན་པོ་ཡོད།