ཀུ་ཤུ་ཁ་པར་གྱི་ཉེར་སྤྱོད་་མ་ལག་ཐོན་༡༤་པའི་བདེ་འཇགས་ཀྱི་ཁྱད་ཆོས་གསར་པ་ཁག

ཀུ་ཤུ་ཁ་པར་གྱི་ཉེར་སྤྱོད་མ་ལག་ཐོན་༡༤་དེ་ད་ཆ་ཚོད་ལྟའི་གནས་སྐབས་སུ་ཡོད་ལ། ཐོན་གསར་པ་དེའི་ཁོངས་སུ། དེ་སྔོན་དང་མ་འདྲ་བའི་བདེ་འཇགས་ཀྱི་ཁྱད་ཆོས་ཚད་མཐོ་བོ་བཅུག་ཡོད་པ་དེས་མི་སྒེར་གྱི་གསང་རྒྱ་ལ་རོགས་འདེགས་ཆེན་པོ་བྱེད་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག  མ་ལག་ཐོན་གསར་པའི་ཁོངས་ཀྱི་བདེ་འཇགས་ཀྱི་ཁྱད་ཆོས་དེ་དག  རྒྱུན་དུ་རང་ཉིད་ཀྱི་བདེ་འཇགས་དང་གསང་རྒྱ་ལ་ཡིད་གཟབ་བྱེད་དགོས་པའི་ལས་དོན་གལ་ཆེན་སྒྲུབ་མཁན་གྱི་གང་ཟག་གཅིག་པུ་ཙམ་མ་ཡིན་པར། ཁ་པར་བཀོལ་སྤྱོད་བྱེད་མཁན་གྱི་མི་ཕལ་བ་ཡོངས་ལ་དམིགས་ཏེ་འཆར་འགོད་བྱས་ཡོད་འདུག   རྩོམ་ཡིག་འདིའི་ནང་དུ། བདག་གིས་འབྱུང་འགྱུར་གྱི་ཟླ་༩་འམ་ཡང་ན། ཟླ་༡༠་འགོ་སྟོད་ཏུ་ཡོངས་ཁྱབ་ཀྱི་ཐོག་ནས་འདོན་སྤེལ་བྱེད་འཆར་ཡོད་པའི་་ཀུ་ཤུ་ཁ་པར་གྱི་ཉེར་སྤྱོད་མ་ལག་ཐོན་༡༤་ནང་གི་སྤྱོད་སྒོ་ཆེ་བའི་བདེ་འཇགས་ཀྱི་ཁྱད་ཆོས་ཁག་ཁ་ཤས་གླེང་སློང་བྱེད་རྒྱུ་ཡིན།

 

ས་གནས་ཀྱི་དྲ་བའི་ཆོག་མཆན།

ཁྱེད་རང་གིས་བཀོལ་ཆས་ཤིག་ཐེངས་དང་པོར་བཀོལ་སྤྱོད་བྱེད་པའི་སྐབས་སུ། ཀུ་ཤུའི་མ་ལག་གསར་པས། བཀོལ་ཆས་དེ་ཁྱེད་རང་གི་ས་གནས་ཀྱི་དྲ་བའི་སྟེང་དུ་ཡོ་ཆས་ཁག་དང་སྦྲེལ་ཆོག་མིན་གྱི་བརྡ་ལན་གཏོང་གི་ཡོད། བཀོལ་ཆས་གཅིག་ཙམ་མ་ཡིན་པར། བཀོལ་ཆས་ཕལ་ཆེ་བ་བཀོལ་སྤྱོད་བྱེད་སྐབས་བརྡ་ལན་དེ་གཏོང་གི་ཡོད། སྤྱིར་བཏང་ཁ་པར་ནང་གི་བཀོལ་ཆས་ཁག་གིས་ཆོག་མཆན་མང་པོ་ཞིག་རང་འགུལ་གྱི་ཐོག་ནས་ལེན་འགྲོ་གི་ཡོད་སྟབས། ང་ཚོས་བཀོལ་ཆས་གང་དག་གིས་ཆོག་མཆན་གང་དག་ལེན་གྱི་ཡོད་མེད་གསལ་པོ་ཧ་གོ་ཡི་མེད།  བཀོལ་ཆས་ཀྱི་ཆོག་མཆན་གང་རུང་ཞིག་ང་ཚོས་བཀག་འགོག་བྱས་རུང་། བཀོལ་ཆས་དེས་སྔར་བཞིན་ལས་ཀ་བྱེད་ཐུབ་ཀྱི་ཡོད་ཚེ། བཀོལ་ཆས་དེས་མི་དགོས་པའི་ཆོག་མཆན་འཕར་མ་ལེན་གྱི་ཡོད་པ་སྟོན་གྱི་ཡོད། 

 

པར་ཆས་དང་སྐད་སྦུག་གི་བརྡ་སྟོན་ཡོ་ཆས།

མི་གཞན་གྱིས་ལྐོག་ཏུ་ཁྱེད་རང་གི་ཁ་པར་གྱི་པར་ཆས་དང་སྐད་སྦུག་རྒྱང་རིང་ནས་སྟངས་འཛིན་བྱས་ཏེ། ཁྱེད་ལ་ལྐོག་ལྟ་དང་ལྐོག་ཉན་བྱེད་ཐུབ་ཀྱི་ཡོད་པའི་སྐོར་གྱི་གནས་ཚུལ་མང་པོ་ཞིག་དྲ་ལམ་དུ་ཤུགས་ཆེར་གླེང་སློང་བྱེད་ཀྱི་ཡོད་པ་དེ་ཁྱེད་ཀྱིས་གོ་ཐོས་བྱུང་ཡོད་སྲིད། འོན་ཀྱང་། ཁྱེད་ཀྱིས་ཀུ་ཤུ་ཁ་པར་གྱི་ཉེར་སྤྱོད་་མ་ལག་ཐོན་༡༤་སྟེང་དུ་གསར་སྣོན་བྱས་ཚར་བའི་རྗེས་སུ། ཁྱེད་ཀྱིས་གནད་དོན་དེའི་སྐོར་ལ་སེམས་ཁྲལ་བྱེད་མི་དགོས། གང་ཡིན་ཞེ་ན། ཁྱེད་ཀྱིས་ཁ་པར་གྱི་མདུན་ངོས་རང་ནས་པར་ཆས་སྒོ་ཕྱེ་ཡོད་མེད་གློག་ལྗང་ཁུ་དང་དམར་པོ་གཉིས་བརྒྱུད་ནས་ཧ་གོ་ཐུབ། དེ་མ་ཟད། ཁ་པར་གྱི་དོ་དམ་ལྟེ་གནས་སུ་བཀོལ་ཆས་གང་དག་གིས་ཁྱེད་ཀྱི་ཁ་པར་གྱི་པར་ཆས་དང་སྐད་སྦུག་བཀོལ་སྤྱོད་བྱས་ཡོད་མེད་ཡང་སྟོན་གྱི་ཡོད།

འདེམས་སྒྲུག་བྱས་པའི་པར་མཛོད།

བཀོལ་ཆས་གང་རུང་གི་ནང་དུ། གླེང་མོལ་བྱེད་པའི་སྐབས་སུ། ཁྱེད་རང་གི་ཁ་པར་ནང་གི་པར་མཛོད་ནང་འཛུལ་དུ་འཇུག་མིན་གྱི་ཆོག་མཆན་སྣ་གཉིས་མ་གཏོགས་མེད། ཀུ་ཤུ་ཁ་པར་གྱི་ཉེར་སྤྱོད་་མ་ལག་ཐོན་༡༤པའི་ནང་དུ། པར་རིས་འདེམས་སྒྲུག་གི་གདམ་ག་ཞིག་བཟོས་ཡོད་ལ། བཀོལ་ཆས་གང་རུང་གིས།  ཁྱེད་རང་ངོས་ནས་འདེམས་སྒྲུག་བྱས་པའི་པར་རིས་ཁག་གཅིག་པུར་མ་གཏོགས་ལྟ་མི་ཐུབ། དེར་བརྟེན། ཁྱེད་རང་གི་པར་མཛོད་གསང་བ་ཉར་ཐུབ་ཀྱི་ཡོད།

 

བཀོལ་ཆས་ཁག་གི་ཆེད་དུ་སྡོད་གནས་སྒྲིག་བཟོ། 

བཀོལ་ཆས་ཁ་ཤས་ཀྱིས་ཁྱེད་རང་གི་སྐབས་བབ་ཀྱི་སྡོད་གནས་ཧ་གོ་བའི་ཆོག་མཆན་སློང་བའི་སྐབས་སུ།  ཁྱེད་ཀྱིས་སོ་སོའི་སྡོད་གནས་རོབ་ཚོད་ཙམ་ཞིག་མ་གཏོགས་སྟོན་འདོད་མེད་ཚེ། ཀུ་ཤུ་ཁ་པར་གྱི་ཉེར་སྤྱོད་་མ་ལག་ཐོན་༡༤་པའི་ནང་དུ། ཁྱེད་ལ་ཁ་པར་གྱི་གཞི་རྩའི་སྡོད་གནས་སྒྲིག་བཟོ་དང་ལྷན་དུ་གནད་ལ་འཁེལ་བའི་སྡོད་གནས་ཁ་འབྱེད་པ་དང་སྒོ་རྒྱག་པའི་གདམ་ག་ཞིག་སྤྲོད་ཀྱི་ཡོད། 

དེ་མ་ཟད་། ད་དུང་གཞན་གྱིས་རྗེས་འདེད་གཏོང་བ་བཀག་འགོག་དང་།  བཀོལ་ཆས་ཤིག་གི་ནང་ནས་ཆ་འཕྲིན་རིགས་པར་བཤུས་བརྒྱབ་སྟེ། བཀོལ་ཆས་གཞན་པ་ཞིག་གི་ནང་དུ་བླུགས་པའི་སྐབས་སུ་བརྡ་ལན་གཏོང་བ།  safari་བཤེར་ཆས་ཀྱི་གསང་རྒྱའི་སྙན་ཐོ་སོགས་དམིགས་བསལ་གྱི་ཁྱད་ཆོས་གཞན་པ་མང་དག་ཅིག་ཀྱང་འདུག ཁྱད་ཆོས་འདི་དག་ཡིད་ལ་འཐད་པོ་འདུག་པ་མ་ཟད། སྒྲིག་བཟོ་བྱེད་རྒྱུ་ཡང་ཧ་ཅང་སྟབས་བདེ་པོ་འདུག་པས་མི་དཀྱུས་མ་ཚང་མས་བཀོལ་སྤྱོད་བྱེད་ཐུབ། དེ་བས། ཀུ་ཤུ་ཁ་པར་བཀོལ་སྤྱོད་བྱེད་མཁན་ཚོར་ཆ་མཚོན་ན་འདི་ནི་དགའ་འོས་པའི་གཏམ་བཟང་ཞིག་ཡིན་ནོ།།

Leave a Reply

Your email address will not be published. Required fields are marked *