སྐད་འཕྲིན་ནང་ཏོག་དབྱིབས་ནད་དུག་སྐོར་གྱི་གནས་ཚུལ་ཡར་ཞུ།

ཀྲུང་གོའི་སྲིད་གཞུང་གིས། ད་ལྟའི་ཝུའུ་ཧན་ནང་གི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་དང་མ་འོངས་པའི་རིམས་ནད་ཁག་ལ་འགོག་རྒོལ་བྱེད་པར་དམིགས་ཏེ། ཁྱབ་ཆེ་བའི་སྐད་འཕྲིན་གྱི་ནུས་པ་བཀོལ་སྤྱོད་བྱེད་བཞིན་ཡོད་འདུག  ད་ལྟའི་ཆར། རྒྱལ་ཡོངས་ཧྲིལ་པོ་ནད་དུག་གིས་བཟུང་ཡོད་པའི་གནས་སྐབས་འདིར། ཁྱབ་ཆེ་བའི་སྐད་འཕྲིན་བཀོལ་ཆས་ཀྱི་ནང་དུ། ནད་དུག་དང་འབྲེལ་བའི་གནས་ཚུལ་དང་དོན་རྐྱེན་ཡར་ཞུ་བྱེད་ཐུབ་པའི་ཁྱད་ཆོས་གསར་པ་ཞིག་འདོན་སྤེལ་བྱས་འདུག

སྡིངས་ཆ་དེ་ནད་དུག་འགོག་སྲུང་ལ་དམིགས་ཏེ། མང་ཚོགས་དང་འབྲེལ་ཡོད་སྡེ་ཁག་གི་ཕྱོགས་ནས་བསམ་ཚུལ་བསྡུ་རུབ་བྱེད་པའི་ཆེད་དུ་གསར་སྐྲུན་བྱས་འདུག་ལ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་དོན་ལས་ཁུངས་(国务院办公厅)ཀྱི་གསལ་བསྒྲགས་ལྟར་ན།  སྡིངས་ཆ་དེའི་ནང་དུ། ས་གནས་གང་རུང་གི་ནང་དུ། ནད་དུག་འགོག་པའི་བྱེད་སྒོ་དང་ལག་ལེན་འདང་ངེས་མེད་ཚེ། དེ་ཡང་ཡར་ཞུ་བྱེད་དུ་འཇུག་གི་ཡོད་ཅེས་གསལ་འདུག  སྐད་འཕྲིན་འཛད་སྤྱོད་པ་ཚོས། ནམ་རྒྱུན་གྱི་འགྲིམ་འགྲུལ་ཉེས་ཆད་སྤྲོད་ས་དང་། སྨན་པར་དུས་བཅད་བཟོ་ས་ཡོད་པའི་གྲོང་ཁྱེར་ཞབས་ཞུ་(城市服务)ཟེར་བའི་སྐད་འཕྲིན་ནང་གི་མཉེན་ཆས་ཆུང་ཆུང(小程序)་དེའི་ནང་ནས་ནད་དུག་དང་འབྲེལ་བའི་གནས་ཚུལ་ཡར་ཞུ་བྱེད་ཆོག་གི་ཡོད་འདུག

འོན་ཀྱང་དེ་ལས་ལྡོག་སྟེ། ནད་དུག་དང་འབྲེལ་བའི་གནས་ཚུལ་རྫུན་མ་དང་དཀྲོག་གཏམ་རིགས་སྤེལ་ཚེ། འཛད་སྤྱོད་པའི་སྐད་འཕྲིན་ཁ་བྱང་གཏན་དུ་སྒོ་རྒྱག་ངེས་པ་མ་ཟད། ཧ་ཅང་ཚབས་ཆེ་བའི་དཀྲོག་གཏམ་སྤེལ་ཏེ། སྤྱི་ཚོགས་ཁྱོན་ཡོངས་ལ་བརྡབ་སིག་ཤུགས་ཆེར་བཏང་ཚེ། ལོ་༣་ནས་༧་བར་གི་དུས་བཀག་བཙོན་འཇུག་བྱེད་ངེས་པ་སྲིད་གཞུང་གིས་བསྒྲགས་འདུག

དྲ་ཐོག་གི་ཚོང་ལས་སྡེ་ཁག་དཔེར་ན།  ཐའོ་པའོ་(淘宝)དང་JD་སོགས་ཀྱིས་དྲ་ཐོག་ནས་ནད་དུག་འགོག་སྲུང་གི་ཁ་རས་(ཁ་འཐུམ)་ས་ཡ་མང་པོ་བཙོངས་ཡོད་ལ།  དྲ་ཐོག་གི་འཛིན་བྱང་བཙོང་མཁན་གྱི་ཚོང་ལས་སྡེ་ཁག་གིས། འཛད་སྤྱོད་པ་ཚོའི་མེ་འཁོར་དང་གནམ་གྲུ མགྲོན་ཁང་སོགས་ཀྱི་འཛིན་བྱང་གི་རིན་པ་ཕྱིར་སློག་བྱས་ཡོད།  དེ་བཞིན་འཕྲུལ་རིག་བཟོ་ཚོང་ཁང་ཆེ་ཤོས་དཔེར་ན། ཨ་རིའི་ཀུ་ཤུ་བཟོ་ཚོང་ཁང་སོགས་ཀྱིས་རྒྱལ་ནང་གི་ཡན་ལག་ལས་ཁུངས་དང་ཚོང་ཁང་ཁག་གནས་སྐབས་རིང་སྒོ་བརྒྱབ་ཡོད།

Leave a Reply

Your email address will not be published. Required fields are marked *