སྐད་འཕྲིན་ནང་གི་བརྙན་ཐུང་གི་ཁྱད་ཆོས་གསར་པ།

ཐིན་ཞུན་བཟོ་ཚོང་ཁང་གིས་འདར་སྒྲ་དང་མགྱོགས་འཕྲིན་མཉེན་ཆས་གཉིས་ཀར་ཁ་གཏད་གཅོག་པར་དམིགས་ཏེ། སྐད་འཕྲིན་ནང་དུ་བརྙན་ཐུང་སྤེལ་ཐུབ་པའི་ཁྱད་ཆོས་གསར་པ་ཞིག་ཚོད་ལྟ་བྱེད་བཞིན་ཡོད་འདུག

ད་ལྟའི་ཆར་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ། སྐར་ཆ་༡༥་ཙམ་གྱི་བརྙན་ཐུང་རིགས་མ་གཏོགས། དེ་ལས་རིང་བའི་བརྙན་ཐུང་རིགས་ཡར་འཇུག་བྱེད་མི་ཐུབ་པ་མ་ཟད། ཡར་འཇུག་བྱས་ཚར་བའི་སྐར་ཆ་༡༥་ཅན་གྱི་བརྙན་ཐུང་དེ་དག་ཀྱང་རང་ཉིད་ཀྱི་གྲོགས་པོ་ཚོས་མ་གཏོགས་མཐོང་མི་ཐུབ།  ཡིན་ཡང་། ད་ཆ་ཀྲུང་གོའི་གྲོང་ཁྱེར་ཁག་དང་གཞི་རིམ་ཞིང་གྲོང་ས་ཁུལ་ཁག་གི་ནང་དུ་འདར་སྒྲ(抖音)་མཉེན་ཆས་དང་མགྱོགས་འཕྲིན(快手)གཉིས་ནགས་ལ་མེ་ཤོར་བ་ལྟར་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་ཡོད་པར་བརྟེན། སྐད་འཕྲིན་བཟོ་མཁན་གྱི་ཐིན་ཞུན་བཟོ་ཚོང་ཁང་གིས། གསར་བྱུང་གི་མཉེན་ཆས་དེ་དག་ལ་ཚོང་ལས་ཀྱི་ཕྱོགས་ནས་འགྲན་རྩོད་བྱེད་པར་དམིགས་ཏེ། རང་གི་གྲོགས་པོ་ཙམ་མ་ཡིན་པར། སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚང་མས་མཐོང་ཐུབ་པའི་སྐར་མ་གཅིག་ཙམ་གྱི་བརྙན་ཐུང་ཡར་འཇུག་གི་ཁྱད་ཆོས་གསར་བ་ཞིག་སྐད་འཕྲིན་ནང་གསར་དུ་མཁོ་སྤྲོད་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་འདུག

ཐིན་ཞུན་བཟོ་ཚོང་ཁང་གི་༢༠༡༩་ལོའི་ལོ་མཇུག་གི་སྙན་ཐོ་ལྟར་ན། ད་ཆ་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་གྱི་གྲངས་ཀ་དུང་ཕྱུར་༡༢བརྒལ་ཡོད་ལ། སྐད་འཕྲིན་བཀོལ་ཆས་བཀོལ་སྤྱོད་བྱེད་མཁན་སྔར་ལས་ཇེ་མང་ཏུ་གཏོང་བར་དམིགས་ཏེ། ཉེ་བར་ཆར་སྐད་འཕྲིན་ནང་མཉེན་ཆས་གསར་སྣོན་རིམ་པ་མང་པོ་བྱས་ཡོད་པ་མ་ཟད། སྤྱི་ཚོགས་འབྲེལ་མཐུད་དྲ་བའི་ནང་གི་ཤུགས་རྐྱེན་ཆེ་བའི་མི་ཁོ་ན་བདམས་གསེས་བྱས་ཏེ།སྐད་འཕྲིན་ནང་སྐར་མ་གཅིག་ཙམ་གྱི་བརྙན་ཐུང་ཡར་འཇུག་གི་ཁྱད་ཆོས་གསར་པ་དེ་བཀོལ་སྤྱོད་བྱེད་དུ་བཅུག་སྟེ། དེས་འཛད་སྤྱོད་པ་གསར་པ་སྐད་འཕྲིན་ནང་ཚུར་འགུག་གི་ནུས་པ་ཡོད་མེད་ཚོད་ལྟ་བྱས་ཡོད། ཁྱད་ཆོས་གསར་པ་དེ་རིམ་བཞིན་གཞི་རྒྱ་ཆེ་རུ་བཏང་སྟེ་མི་གང་མང་གིས་ལོངས་སྤྱོད་བྱེད་ཐུབ་པ་ཞིག་བཟོ་ངེས་ཅེས་སྐད་འཕྲིན་གྱི་བཟོ་ཚོང་ཁང་གིས་བརྗོད་ཡོད་རུང་། ཁྱད་ཆོས་དེ་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚང་མས་ལོངས་སུ་སྤྱོད་ཐུབ་མིན་གྱི་ཐད་ལ་གསལ་ཁ་གང་ཡང་བཏོན་མི་འདུག

གནས་ཚུལ་གཞན་ཁག

སྐད་འཕྲིན་ནང་སྤྱི་སྟེགས་གཉེར་མཁན་ཚོས་རིན་པ་སྤྲད་པའི་ཐོག་ནས་རང་ཉིད་ཀྱི་འཕྲིན་སྟེགས་ནང་གི་གནས་ཚུལ་ཁྱབ་སྤེལ་བྱེད་ཆོག་པའི་ཁྱད་ཆོས་གསར་བ་ཞིག་ཀྱང་བཟོས་ཡོད་པའི་ཁྱབ་བསྒྲགས་བྱས་ཡོད།

དེ་མ་ཟད། ཨ་ལི་བྷ་བྷ་དང་། JD.com ཕིན་ཏོ་ཏོ་སོགས་དྲ་ཐོག་གི་ཁྲོམ་རྭ་ཁག་ལ་ཁ་གཏད་གཅོག་པར་དམིགས་ཏེ། སྐད་འཕྲིན་ནང་གི་མཉེན་ཆས་ཆུང་ཆུང་ཁག་གི་ནང་དུ་དྲ་ཐོག་གི་ཁྲོམ་རའི་སྡིངས་ཆ་ཆེན་པོ་ཞིག་གསར་སྐྲུན་བྱེད་ཐབས་སུ་འབད་རྩོལ་བྱེད་བཞིན་ཡོད་འདུག

ཡོངས་ཁུངས། https://technode.com/2020/01/22/wechat-tests-short-video-feature-that-could-beat-tiktok/

Leave a Reply

Your email address will not be published. Required fields are marked *